ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་ས་ར་ཆེ་གཉིས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་ཆེད་བརྟན་བཞུགས་དང་ཉིན་གསུམ་རིང་གི་རྒྱུད་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་ལྡན་བཟང་པོ་མཆོག་སྐུའི་མཚན་དཔེ་བཞད་དེ་ལོ་ངོ་དྲུག་བརྒྱ་འཁོར་བའི་རྒྱུད་ཆེན་རྗེས་དྲན་གྱི་གསང་སྔགས་མཁས་པའི་བགྲོ་གླེང་ཆེན་མོའི་དབུ་འབྱེད་མཛད་སྒོ་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་མཛད་སྒོའི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ཡོད་པ་མ་ཟད། ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ བློ་བཟང་བསྟན་འཛིན་མཆོག་དང་། ཤར་པ་ཆོས་རྗེ་བློ་བཟང་རྡོ་རྗེ་རིན་པོ་ཆེ་མཆོག བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་ངག་དབང་གསུང་རབ་བསྟན་འཛིན་མཆོག བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག བཀའ་ཟུར་ཀརྟི་རིན་པོ་ཆེ་མཆོག སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག གདན་ས་དྲུག་གི་མཁན་པོ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ཚོགས་གཙོ་ཚོགས་མི་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུང་ཆེ་རྣམ་པ། སྦྱིན་བདག་རྣམ་པ། དེ་བཞིན་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བ་ཕེབས་འདུག
མཛད་སྒོའི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་ཆེན་རྗེས་དྲན་གྱི་ཆེད་དུ་གསར་བཞེངས་གནང་བའི་སྐུ་གསུང་ཐུགས་རྟེན་རྣམས་ལ་རབ་གནས་མཛད། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་། རྒྱུད་ཟུར་མཐུན་འབྲེལ་ཚོགས་པ་ཐུན་མོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། སྔགས་རིམ་ཆེན་མོ་དཔེ་བསྡུར་མ་དང་། རྒྱུད་ཀྱི་ཊཱོཀྐ་སྒྲོན་མ་རབ་ཏུ་གསལ་བར་བྱེད་པ་རྩ་འགྲེལ་སྦྱར་མ། རྒྱུད་ཊཱིཀ་རིམ་གཉིས་གཏེར་མཛོད་རྩ་འགྲེལ་སྦྱར་མ། རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱི་མཛད་རྣམ་བརྙན་དེབ་ངོ་མཚར་ནོར་བུའི་དོ་ཤལ་བཅས་འབུལ་ལམ་ཞུས།
རྒྱུད་སྟོད་གྲྭ་ཚང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེ་དྲན་གྱི་མཚོན་རྟགས་སུ་རིན་ཆེན་གཉིས་ལས་གྲུབ་པའི་འཁོར་ལོ་རྡོར་དྲིལ་གྱིས་བརྒྱན་པའི་དྲན་རྟེན་འབུལ་ལམ་ཞུས། རྒྱུད་ཟུར་ཐུན་མོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་མཚོན་རྟགས་སུ་རིན་ཆེན་གཉིས་པ་ལས་གྲུབ་པའི་ཚེ་བུམ་རྒྱལ་བ་ཚེ་དཔག་མེད་ཀྱི་སྣང་བརྙན་གྱིས་བརྒྱན་པའི་དྲན་རྟེན་འབུལ་ལམ་ཞུས།
དེ་རྗེས་གྲྭ་ཚང་གི་མཁན་རིན་པོ་ཆེ་ཐུབ་བསྟན་བསྟན་འཛིན་མཆོག་གིས་མཛད་སྒོ་ངོ་སྤྲོད་གནང་རྗེས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱུད་ཀྱི་ཊཱིཀའི་གསང་སྔགས་མཁས་པའི་བགྲོ་གླེང་ཆེན་མོ་དབུ་འབྱེད་གནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་ཚེ་རིང་པོ་བྱུང་ན་སྙམ་པའི་སྨོན་ལམ་རྒྱག་གི་ཡོད། ལྷག་པར་གཞིས་ལུས་རྒྱ་ཆེ་མི་མང་གིས་སེམས་ཤུགས་དང་དད་པ། ཞེན་ཁོག་ཧ་ལས་པ་རེད་འདུག འཛམ་བུ་གླིང་འདིའི་སྒང་ལ་ངོས་ལ་དགའ་པོ་བྱེད་མཁན་ཧ་ཅང་མང་པོ་རེད། སྤྱོད་འཇུག་ལས། ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང
ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་ནམ་མཁའ་མ་ཟད་ཀྱི་བར་གཞན་དོན་སྒྲུབ་རྒྱུའི་སེམས་ཉིན་ལྟར་སྐྱེད་ཀྱི་ཡོད། ཇི་ཙམ་གྱི་ཚེ་རིང་པོ་གནས་ན། དེ་ཚོད་ཀྱིས་གཞན་ཕན་གྱི་བྱ་བ་སྒྲུབ་ཀྱི་རེད། སྙིང་སྟོབས་སྐྱེད་ཀྱི་ཡོད། ངོས་རང་ལོ་བརྒྱ་དང་བཅུ་གྲངས་སྡོད་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད། རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་།
དེ་བཞིན་བོད་རྒྱ་ཆེ་མི་མང་གི་སྙིང་སྟོབས་ཀྱི་ཚབ་བྱས་ནས་བྱེད་ཀྱི་ཡོད། ད་ལྟའི་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་མུ་མཐུད་ཧུར་ཐག་བྱེད་རོགས། ངོས་ཀྱིས་ཧུར་ཐག་བྱེད་ངེས་རེད། རྒྱུད་སྟོད་གྲྭ་ཚང་གི་སྦྱིན་བདག་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་མི་ཚེ་གཅིག་གི་ནང་འབྲེལ་བ་བྱུང་ཡོད་པ་དེ་ཚེ་རབས་ནས་ཚེ་རབས་འབྲེལ་བ་ཡོང་གི་རེད། ད་ལྟའི་དུས་རབས་འདིར་སྐྱེས་པའི་བོད་མི་ཚང་མ་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་གཟུང་གི་རེད། ཅེས་ངོས་ནས་རྗོད་ཀྱི་ཡོད། ངོས་རང་ལ་རྒྱུ་མཚན་ཡོད། ངོས་རང་དབང་རྣོན་ཆོས་ཀྱི་རྗེས་འབྲང་རེད་མ་གཏོགས། དབང་རྟུལ་དད་པའི་རྗེས་འབྲང་མ་རེད། ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ཡིན་བསམ་པ་དྲན་གྱི་ཡོད། འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་སྒྲུབ་མཁན་ངོས་རང་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། མཐར་གྲྭ་ཚང་གི་བླ་མ་དབུ་མཛད་བློ་བཟང་མཁས་གྲུབ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་འབྲེལ་མཛད་སྒོ་གྲོལ་ཡོད་པ་བཅས། །