ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་མ་ཧཱ་རཱཤཀྲ་མངའ་སྡེའི་གྲོང་ཁྱེར་ཨོ་རངྒཱ་བྷཌ་ Aurangabad ནང་རྟེན་གཞི་བྱས་པའི་ལོ་ཀུ་ཏཱ་ར་རྒྱལ་སྤྱིའི་དགེ་སློང་སྦྱོང་བརྡར་བསྟི་གནས་ཁང་དུ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༣ ཉིན་ཆིབས་སྒྱུར་བཀའ་དྲིན་བསྐྱངས་འདུག སྤྱིར་མི་ལོ་ ༤༠ གོང་སྟེ་ཕྱི་ལོ་ ༡༩༧༨ ཟླ་ ༥ ནང་མགོན་པོ་གང་ཉིད་མཆོག་བསྟི་གནས་ཁང་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་འདུག
དེ་ཡང་ཐེངས་འདིར་ཐོག་མར་གསར་འགོད་པ་ཁག་གཅིག་ལ་བཀའ་སློབ་སྩོལ་སྐབས་མགོན་པོ་གང་ཉིད་རྒྱུན་དུ་རྒྱ་གར་གནའ་རབས་ཀྱི་སྲོལ་རྒྱུན་ལེགས་བཤད་ཁྱབ་འཕེལ་གཏོང་མཁན་གྱི་ཕོ་ཉ་ཞིག་ཡིན་སྐོར་བཀའ་སློབ་སྩོལ་བཞིན་ཡོད་པ་དང་། རྒྱ་གར་དུ་གནའ་རབས་ནས་དར་ཁྱབ་ཡོད་པའི་འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་དེ་དག་ད་ལྟའི་འཛམ་གླིང་ནང་དུའང་འབྲེལ་བ་དང་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པར་བརྟེན་གོ་སྐབས་ནམ་བྱུང་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལེགས་བཤད་དེ་དག་གལ་འགངས་ཆེན་པོ་ཡོད་པ་བཀའ་སློབ་སྩོལ་བཞིན་ཡོད་པ་དང་། ལྷག་པར་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་ལ་བརྟེན་ནས་རྒྱ་གར་ནང་ཆོས་ལུགས་འདྲ་མིན་མང་དག་ཅིག་ཡོད་ཀྱང་ཕན་ཚུན་འཆམ་མཐུན་ངང་རྒྱུན་གནས་ཐུབ་ཡོད་ཅེས་དང་། དེ་ནི་འཛམ་གླིང་སྤྱི་ལ་མཚོན་ན་རྙེད་དཀའ་བའི་དཔེ་མཚོན་ཞིག་ཀྱང་ཡིན་ཞིང་། བཟང་སྤྱོད་ཀྱི་ཉམས་ལེན་དེར་གང་ཉིད་ཀྱིས་ཡི་རངས་བསྔགས་བརྗོད་རྒྱ་ཆེ་མཛད་པ་མ་ཟད། ༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་གྲས་ཤིག་ཀྱང་ཡིན་སྐོར་བཀའ་སློབ་སྩལ།
དེ་སྔ་སྐབས་ཤིག་ལ་དྭགས་ཁ་ཆེའི་མཆོད་དཔོན་ཞིག་གིས་ཁུལ་དེར་ལྷན་ཚོགས་ཤིག་གི་ཐོག་ཁ་ཆེ་བ་ཚོས་ཨེ་ལྷ་ཡིད་ལ་དྲན་པ་ཙམ་མིན་པར་ཁོང་གིས་བཀོད་པའི་སྲོག་ཆགས་རྣམས་ཀྱང་ཡིད་ལ་དྲན་དགོས་པའི་སྐུལ་མ་བཏང་བ་ཞིག་ཐུགས་དྲན་གསོ་མཛད་འདུག དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ངོས་རང་སྒེར་གྱི་ཉམས་མྱོང་ཐོག་ནས་བརྗོད་ན། འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་བྱས་པ་དེས་སེམས་ནང་ཞི་བདེ་འཕེལ་བ་དང་། འགྲོ་བ་མི་རིགས་ཡོངས་ལ་སེམས་ཀྱི་ཞི་བདེ་དགོས་མཁོ་ཡོད་སྟབས། འཚེ་མེད་ཞི་བ་དང་སྙིང་རྗེ་ནི་ད་ལྟའི་དུས་སྐབས་སུའང་དགོས་མཁོ་ཧ་ཅང་ཡོད། དེང་རབས་རྒྱ་གར་གྱི་སྤྱི་ཚོགས་ནང་དུ་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་ཁོ་ནར་གཙིགས་ཆེར་འཛིན་པའི་དུས་སྐབས་འདིར། འགྲོ་བ་མིའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས། རང་ཁྲིམས་སྲུང་རྒྱུ་སོགས་རྒྱ་གར་གནའ་རབས་ལེགས་བཤད་དང་འབྲེལ་བའི་ལྟ་གྲུབ་སྐོར་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཞག་ཐུབ་པ་དགོས། དེ་འདྲ་ཞིག་བྱུང་ཐུབ་ཚེ་ཕྱི་ནང་གི་ཤེས་ཡོན་ཆ་ཚང་བའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ་ངེས། ངོས་ཀྱི་ལུས་པོར་མཚོན་ན་བོད་ནང་སྐྱེས་པར་བརྟེན་བོད་མི་ཞིག་ཡིན། འོན་ཀྱང་ཀླད་པའི་ནང་གི་ཤེས་ཡོན་དེ་དག་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་འབའ་ཞིག་ཡིན། ཕལ་ཆེར་དེང་རབས་རྒྱ་གར་བ་ཁག་གཅིག་ལས་ངོས་རང་རྒྱ་གར་གཤའ་མ་ཞིག་ཆགས་ཡོད་པ་བརྗོད་ཐུབ་རྒྱུ་རེད། རྒྱ་གར་གནའ་རབས་ཀྱི་འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་གྱི་གལ་གནད་དེ་དག་ཤེས་ཡོན་ལམ་ནས་རྒྱུད་སྐུལ་བྱེད་ཐུབ་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་ཡོད། དེར་བརྟེན་ངོས་ཀྱི་འགན་ཁུར་དང་པོ་དེ་འགྲོ་བ་མི་སྡེའི་སྤྱི་ཚོགས་ཀྱི་བསམ་བློ་ཇེ་བཟང་དུ་བཏང་ཐུབ་པ་བྱ་རྒྱུ་དེ་ཡིན། ཞེས་བཀའ་སློབ་སྩལ་རྗེས་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་འདུག
དེ་ནས་གནས་བརྟན་སྡེ་པའི་དགེ་སློང་ Venerable Bodhipalo Mahathero མཆོག་གིས་ཕྱག་བཏབས་པའི་ལོ་ཀུ་ཏཱ་ར་རྒྱལ་སྤྱིའི་དགེ་སློང་སྦྱོང་བརྡར་བསྟི་གནས་ཁང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་འདུག ཁུལ་དེར་༸ཞབས་སོར་འཁོད་མཚམས་གནས་བརྟན་བགྲེས་སོང་ཁག་གཅིག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས། སྟོན་པའི་སྐུ་འདྲ་ཧ་ཅང་ཆེ་ཞིང་བརྗིད་ཆགས་པའི་སྐུ་མདུན་དུ་གནས་གཟིགས་ཐུགས་སྨོན་མཛད་པ་མ་ཟད། བྱང་ཆུབ་ལྗོན་ཤིང་འདེབས་འཛུགས་མཛད་འདུག དེ་ནས་བསྟི་གནས་ཁང་གི་ཚོགས་ཁང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་མཚམས་གནས་བརྟན་པའི་དགེ་སློང་ ༡༥༠ ལྷག་ལ་བཀའ་སློབ་སྩལ་འདུག
དེ་ཡང་ཐོག་མར་གནས་བརྟན་སྡེ་པའི་དགེ་སློང་ Venerable Bodhipalo Mahathero མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། སིན་ཧ་ལ་ Sri Lanka དང་ཐེ་ལེནྜི་Thailand ནས་ཕེབས་པའི་གནས་བརྟན་སྡེ་པའི་དགེ་སློང་ཆེན་པོ་ཁག་གཅིག་སོགས་ལ་འཚམས་འདྲི་དང་སྦྲགས་གསུང་དོན། ཐེག་ཆེན་ནམ་ཐེག་དམན། དེ་བཞིན་རྡོ་རྗེ་ཐེག་པའི་ཉམས་བཞེས་གནང་མཁན་སུ་འདྲ་ཞིག་ཡིན་རུང་ཁྱད་པར་གང་ཡང་མེད་པར་འདིར་ནང་པའི་རྗེས་འབྲང་པ་ཡོངས་ལ་ཕེབས་བསུ་ཞུ་བཞིན་ཡོད། ང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་གཅིག་མཚུངས་རེད། དགེ་སློང་ཚོས་ནང་ཆོས་སློབ་གཉེར་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད། དེ་རིང་འདིར་ང་ཚོ་སྟོན་པའི་རྗེས་འབྲང་པ་ཚོ་ཉིན་གསུམ་གྱི་ལྷན་ཚོགས་ཐོག་ལྷན་འཛོམས་ཐུབ་པ་ནི་དུས་ཀྱི་དགོས་མཁོ་ཞིག་ཡིན། ལྷན་ཚོགས་དེ་བརྒྱུད་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ཐུབ་པའི་ཡིད་ཆེས་ཞུ་བཞིན་ཡོད། ཅེས་གསུངས་པ་མ་ཟད། དེ་སྔ་རྒྱ་གར་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་ཨེམ་བྷེཌ་ཀར་མཆོག་གི་མཛད་རྣམ་སྙིང་བསྡུས་ངོ་སྤྲོད་ཞུས་འདུག
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། ངོས་ཀྱིས་དེང་སྐབས་ཐེག་ཆེན་ཐེག་དམན་ཞེས་པའི་ཐ་སྙད་དེ་བཀོལ་སྤྱོད་ནམ་ཡང་བྱེད་ཀྱི་མེད། གནས་བརྟན་སྡེ་པའི་གཞུང་དེ་དག་པཱ་ལིའི་སྐད་ཐོག་བཞུགས་ཡོད། ནཱ་ལེནྡྲའི་གཞུང་ལུགས་དེ་དག་ལེགས་སྦྱར་སྐད་ཡིག་ནང་ཡོད། སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པ་འཚང་རྒྱ་རྗེས་ཡུལ་ཝཱ་རཱ་ཎ་སིར་བདེན་བཞིའི་ཆོས་འཁོར་བསྐོར་བ་རེད། དེ་ནི་ནང་པའི་གཞུང་གི་རྨང་གཞི་རེད། ཚུལ་ཁྲིམས་སྐོར་གཙོ་བོ་འདུལ་བའི་གཞུང་ནང་གསུངས་པ་དང་། བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན་གསུངས་ཡོད། དེ་དག་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་རེད། ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་སྡུག་བསྔལ་ཤེས་པ་ཙམ་མ་ཟད། སྡུག་བསྔལ་གྱི་རྒྱུ་ངོས་འཛིན་ཐུབ་བཞིན་ཡོད། སྡུག་བསྔལ་ལས་བྲལ་བའི་འགོག་བདེན་གང་ཡིན་ངོས་བཟུང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། འགོག་བདེན་ཐོབ་རུང་ཡིན་པ་དེའང་ཤེས་དགོས་པ་གལ་ཆེན་པོ་རེད། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་བདེན་པར་འཛིན་པའི་བློ་མ་རུང་བ་དེ་རེད། ཆོས་རྣམས་ཀྱི་མཐར་ཐུག་གནས་ལུགས་ལ་རྨོངས་ནས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་བཞིན་དུ་བདེན་པར་འཛིན་པའི་བློ་དེ་རེད། ལམ་བདེན་ནི་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཤེས་རྒྱུ་དེ་རེད། སེམས་ཀྱི་རང་བཞིན་ལ་དྲི་མས་ལྷད་ཞུགས་མེད། དེར་བརྟེན་དྲི་མ་གློ་བུར་བ་དེ་དག་སེམས་ཀྱི་རང་བཞིན་མིན་སྟབས་སེལ་ཐུབ། རྟེན་འབྲེལ་གྱི་རྣམ་གཞག་ཡག་པོ་ཤེས་པའི་ཐོག་ནས་འགོག་བདེན་མངོན་དུ་བྱས་ཐུབ་པ་དེ་ང་ཚོར་དགོས།
ཞི་གནས་དང་ལྷག་མཐོང་ཉམས་ལེན་དེ་དག་ཕྱི་ནང་གཉིས་ཀར་ཡོད། འོན་ཀྱང་མི་འདྲ་ས་དེ་ནང་པ་སངས་རྒྱས་པས་རྟག་གཅིག་རང་དབང་ཅན་གྱི་བདག་མི་འདོད་པ་རེད། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་ལས་སེམས་ཙམ་པས་ཕྱི་དོན་ཁས་མི་ལེན་པར་ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་དུ་ཁས་ལེན་པ་དེ། དེང་སྐབས་ཚད་རྡུལ་དངོས་ཁམས་རིག་པ་བ་ཚོས་བཤད་པ་དང་མཚུངས་པ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སྟོན་པ་མྱ་ངན་ལས་འདས་རྗེས་སྟོན་པའི་གཏད་རབས་བདུན་གྱིས་བསྟན་པ་བསྐྱངས་ཚུལ་དང་། དེ་ནས་རིམ་བཞིན་སྡེ་པ་བཅོ་བརྒྱད་དུ་བྱུང་ཚུལ་དང་། སྟོན་པ་བཅོམ་ལྡན་འདས་ཀྱིས་ཡུལ་ཝ་རཱ་ཎ་སིར་བཀའ་དང་པོ་བདེན་བཞི་ཆོས་འཁོར་དང་། རྒྱལ་པོའི་ཁབ་ཏུ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གསུངས་པ། ཡུལ་ཡངས་པ་ཅན་དུ་བཀའ་མཐའ་མ་ལེགས་པར་རྣམ་པར་འབྱེད་པའི་ཆོས་འཁོར་གསུངས་ཚུལ། ལྷག་པར་སྟོན་པ་བཅོམ་ལྡན་འདས་ཀྱིས་ཕོ་མོ་འདྲ་མཉམ་གནང་བ་ནི། སངས་རྒྱས་ཀྱིས་དགེ་བསྙེན་ཕ་མ་གཉིས་དང་དགེ་སློང་ཕ་མ་གཉིས་བཅས་ཕོ་མོ་གཉིས་ཀར་ཐོབ་ཐང་འདྲ་མཉམ་གནང་ཡོད་སྐོར་བཀའ་སློབ་སྩལ། དེ་ནས་ཐུགས་རྗེ་ཆེ་ཞུའི་མཛད་རིམ་གྲུབ་རྗེས་ཉིན་གུང་ལྗགས་སྨིན་དགྱེས་བཞེས་མཛད་པ་བཅས། །