ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༡ ཉིན་གྱི་སྔ་དྲོ་མན་ཌུ་ཝ་ལར་རྟེན་གཞི་བྱས་པའི་ངོར་དཔལ་ཨེ་ཝམ་ཆོས་ལྡན་དགོན་དུ་དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ནས་༧སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་དགུང་གྲངས་ ༨༩ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན་རིན་པོ་ཆེ་གང་ཉིད་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་གོ་སྒྲིག་ཞུས་ཡོད་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཐེངས་འདིའི་བརྟན་བཞུགས་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུ་ལྟར་མཛད་སྒོར་ལྷན་ཞུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་༧སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་མཆོག་གཙུག་ལག་ཁང་དུ་ཞབས་སོར་འཁོད་མཚམས་༧ དཔལ་ས་སྐྱའི་གོང་མ་ཁྲི་འཛིན་མཆོག་ནས་མཎྜལ་ལྗགས་བཤད་གནང་བ་དང་། དེ་ནས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་དང་། ཕོ་བྲང་གཉིས་ཀྱི་གདུང་སྲས་རྣམ་གཉིས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་རིམ་བཞིན་དགེ་འདུན་པ་རྣམས་དང་མི་མང་བཅས་ནས་འབུལ་མཚོན་འདེགས་འབུལ་ཞུས་ཡོད། བརྟན་བཞུགས་ཀྱི་མཛད་རིམ་ལེགས་པར་གྲུབ་རྗེས་ཉིན་རྒྱབ་ཕྱི་ལུགས་ལྟར་དཔལ་ས་སྐྱ་གོང་མ་ཁྲི་རིན་པོ་ཆེ་མཆོག་དང་། ཆོས་རིག་བཀའ་བློན་རྣམ་གཉིས་ནས་མངར་བཟས་གཏུབས་ཏེ་དཔལ་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད། དེ་ནས་རིམ་བཞིན་དགེ་འདུན་པ་རྣམས་དང་། སློབ་ཕྲུག ས་གནས་མི་མང་བཅས་ནས་གོང་དཀར་རྔ་འཆམ་དང་རིག་གཞུང་འཁྲབ་སྟོན་བཅས་གཟིགས་འབུལ་ཞུས་ཡོད།