ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །ཨིན་ཡུལ་རྒྱལ་མོའི་འཁྲུངས་སྐར་སྐབས་མི་སྣ་ཁྱད་པར་ཅན་འགའ་ཞིག་ལ་ཨིན་ཇི་གོང་མའི་གཟེངས་རྟགས་གནང་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ ཉིན་གྱི་སྔ་དྲོར་ཨིན་ཡུལ་རྒྱལ་མོའི་སྐུ་ཚབ་ Sir Kenneth Olisa OBE, Lord-Lieutenant of Greater London མཆོག་གིས་འདི་ལོའི་སྙན་གྲགས་ཅན་གྱི་ཨིན་ཇི་གོང་མའི་གཟེངས་རྟགས་ཆེན་མོ་ནི། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེར་སྨད་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་རིང་མཆོག་ལ་ཕུལ་འདུག
སྤྱིར་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ནི། ཕྱི་ལོ་ ༡༩༥༨ ལོར་བོད་ཀྱི་ནུབ་ཕྱོགས་སུ་ཆགས་པའི་སྤུ་ཧྲེང་ཁུལ་དུ་འཁྲུངས་ཤིང་། བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་ནང་མི་དང་ལྷན་དུ་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་སེར་སྨད་གྲྭ་ཚང་ཀོང་པོ་ཁང་ཚན་དུ་ཆོས་ཞུགས་དང་འབྲེལ་གཞུང་ཆེན་ཀ་པོད་ལྔར་གསན་བསམ་སློབ་གཉེར་མཐར་ཕྱིན་གནང་སྟེ། ཕྱི་ལོ་ ༡༩༩༠ ལོར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་ལམ་སྟོན་དང་འབྲེལ་ནས་ཕྱི་ལོ་ ༡༩༩༡ ལོ་ནས་བཟུང་ཡོ་རོབ་དང་། བྱང་ཨ་མི་རི་ཀ། དེ་བཞིན་ཨེ་ཤ་ཡ་རྒྱལ་ཁབ་སོགས་ནང་བོད་བརྒྱུད་ནང་བསྟན་སློབ་ཁྲིད་གནང་བཞིན་ཡོད་འདུག
ཕྱི་ལོ་ ༢༠༡༧ ལོར་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་ནས་ཨེ་ཤ་ཡ་དང་ཨ་ཕི་རི་ཀའི་ཐོག་གི་མི་རྒྱུད་དཔྱད་རིག་ཐད་གཙུག་ལག་རབ་འབྱམས་ཀྱི་སློབ་མཐར་སོན་པ་དང་། ཁོང་གིས་ཨིན་ཡིག་ཐོག་ The Foundation of Buddhist Thought འམ་ནང་པའི་ལྟ་གྲུབ་ཀྱི་རྨང་གཞི་ཞེས་པའི་ཕྱག་དེབ་པོད་ ༧ ཙམ་བརྩམས་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་ཐོག་ ༩༡ པར་བསྐོ་གཞག་གི་བཀའ་ཡིག་ཕེབས་ཏེ་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༧ ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་དངོས་སུ་མཁན་པོའི་ཁྲི་འདོན་མཛད་སྒོ་གཟབ་རྒྱས་ཚོགས་ཡོད་པ་དང་། ད་ལྟ་མཁན་པོའི་མཛད་འགན་བཞེས་མུས་ཡིན།
མཛད་སྒོའི་ཐོག་ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་དང་། མཁན་རིན་པོ་ཆེའི་སྲིང་མོ་སྒྲོལ་མ་ལགས། བློ་བཟང་དཔལ་འབར་ལགས་ཀྱང་ཕེབས་ཡོད།
ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཨིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་དགའ་སྟོན་གྱི་མཛད་སྒོ་ཞིག་འཚོགས་རྒྱུ་ཡིན་འདུག་པ་བཅས། །