ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ Core Group for the Tibetan Cause གོ་སྒྲིག་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་འགྱུར་འོག རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༩ ཐོག་བཞུགས་སྒར་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། སྐུ་ཚབ་དོན་གཅོད་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་ ༤༢ ཙམ་ནས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༨༠ ལྷག་ཙམ་ལྷན་འཛོམས་ཀྱིས་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར།
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས་བཅས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྣང་གསལ་ཞལ་ཕྱེ་གནང་། སྐབས་དེར་ལས་རིམ་གཙོ་སྐྱོང་བ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སུ་རེནྡྲ་ཀུ་མཱར་ Shri Surendra Kumar ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས་ཀྱིས་རྒྱ་གར་དང་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ངོ་སྤྲོད་གནང་བ་མ་ཟད། རྒྱ་གར་ནང་ལ་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་སུམ་བརྒྱ་ཙམ་ཡོད་སྐོར་གསུངས།
དེ་ཡང་ཁོང་གིས་གསུང་དོན། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་འགལ་ཐོག་ནས་བོད་ས་བཙན་བཟུང་བྱས་ཡོད། སྐབས་དེར་རྒྱ་ནག་གཞུང་གིས་གཡོ་བྱུས་སྣ་ཚོགས་བཤམས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་འཛིན་བཟུང་བཀག་ཉར་བྱེད་ཐབས་བྱས་ཡོད། འོན་ཀྱང་རང་ཅག་རྣམས་ཀྱི་བསོད་ནམས་ཀྱི་གོ་སྐལ་ལ་བརྟེན་ནས་མགོན་པོ་མཆོག་༸སྐུ་གཟུགས་བདེ་ཐང་ངང་རྒྱ་གར་དུ་བཙན་བྱོལ་ལ་༸ཞབས་སོར་བཀོད་ཐུབ་པ་བྱུང་ཡོད། དེ་ནི་ང་ཚོའི་བསོད་ནམས་རང་རེད། ངས་རྒྱུ་མཚན་གཉིས་ཐོག་ནས་ཞུ་བཞིན་ཡོད།
དང་པོ་དེར། མགོན་པོ་གང་ཉིད་མཆོག་རྒྱ་གར་དུ་བཙན་བྱོལ་ལ་༸ཞབས་སོར་འཁོད་ཐུབ་པ་ཙམ་གྱིས་བོད་ཀྱི་གནད་དོན་མ་ཡལ་བར་གསོན་པོར་གནས་ཐུབ་པ་བྱུང་ཡོད། གཉིས་པར། མགོན་པོ་གང་ཉིད་མཆོག་གིས་ཐུགས་བརྩོན་ཉག་གཅིག་ལ་བརྟེན་ནས་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་ལ་གཞི་བཅོལ་བའི་བོད་བརྒྱུད་ནང་བསྟན་རིག་གནས་ད་ཆ་རྒྱ་གར་ནང་ཙམ་མ་ཟད། འཛམ་གླིང་ཡོངས་ལ་དར་འཕེལ་ཐུབ་རྒྱུར་ཕན་ཐོགས་རླབས་ཆེན་བྱུང་ཡོད།
ང་ཚོས་བོད་ནང་རང་དབང་སླར་གསོ་ཡོང་བར་སྙིང་ཐག་པ་ནས་རྒྱབ་སྐྱོར་དུས་རྟག་ཏུ་ཞུ་བཞིན་ཡོད། གང་ཡིན་བརྗོད་ན། སྟོབས་ཆེན་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་མི་མང་གི་མངོན་འདོད་དུས་ནམ་ཡང་དྲག་པོའི་ཐོག་ནས་རྡོག་རོལ་གཏོང་ཐུབ་ཐབས་མེད། དེར་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་པ་དཔེར་ན་ཧོང་ཀོང་ནང་ལ་གཟིགས་དང་། མི་མང་ཚོས་རང་དབང་གི་དོན་དུ་བློས་གཏོང་ཇི་ཙམ་གནང་བཞིན་འདུག ཀུན་གྱི་མཐོང་ཆོས་སུ་ཡོད། དེར་བརྟེན་ང་ཚོས་ནམ་ཡང་ཞུམ་པ་མེད་པའི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་ཆེད་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན། བོད་མིའི་འཐབ་རྩོད་ནི་བདེན་རྫུན་དབར་དང་། འཚེ་བ་དང་འཚེ་མེད་པ། དེ་བཞིན་བྱམས་བརྩེ་དང་ཞེ་སྡང་དབར་གྱི་འཐབ་རྩོད་རེད།
ང་ཚོ་ཚང་མས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མཆོག་གི་ཐུགས་རྗེའི་ལམ་སྟོན་འོག་བོད་དོན་རྒྱབ་སྐྱོར་གྱི་ལས་ཀ་བྱེད་བཞིན་ཡོད། ཁོང་གིས་༸སྐུ་ཚེའི་ནང་དཀའ་སྡུག་ཧ་ཅང་མྱངས་གནང་མཛད་ཡོད་ཀྱང་མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ཡོངས་ལ་འཁོན་འཛིན་སྤངས་པའི་བྱམས་བརྩེ་དང་བཟོད་བསྲན་ཉམས་བཞེས་དགོས་པའི་ལམ་སྟོན་མཛད་བཞིན་ཡོད། འོན་ཀྱང་ཕྱོགས་གཞན་དེར་རྒྱ་ནག་གཞུང་གིས་དྲག་པོའི་ཐབས་ལམ་ཉག་གཅིག་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད། ལོ་རྒྱུས་ཐོག་ནས་ཀྱང་དུས་རྟག་ཏུ་བདེན་པར་རྒྱལ་ཁ་ཐོབ་ཡོད། དེར་བརྟེན་བོད་ཀྱི་བདེན་མཐའ་མགྱོགས་ནས་མྱུར་དུ་གསལ་རྒྱུ་ཡིན་ངེས།
ང་ཚོས་འདིར་བོད་དོན་རྒྱབ་སྐྱོར་ཆེད་ཡོང་བ་ནི་བོད་ཀྱི་ལོ་རྒྱུས་དཔེ་དེབ་ཁྲོད་ཤོག་བུ་གཅིག་ཁ་སྣོན་བྱས་པ་དང་མཚུངས། ང་ཚོ་གསོན་པའི་རིང་བོད་དོན་བདེན་མཐའ་མ་གསལ་ཡང་ཉིན་གཅིག་བོད་དོན་བདེན་མཐའ་ངེས་པར་གསལ་ངེས་རེད། དུས་སྐབས་དེར་ང་ཚོས་ཕྱི་མིག་ལྟ་སྐབས་ལོ་རྒྱུས་ཀྱི་དྲང་བདེན་གྱི་ཕྱོགས་སུ་ལངས་འདུག་བསམ་པ་ཞིག་ངེས་པར་དུ་ཡོང་གི་རེད།
ང་ཚོས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་གྲོས་ཆོད་གཉིས་གཏན་འབེབས་བྱས་ཡོད། དང་པོ་དེར་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་བཞིན་ཡོད། དེར་བརྟེན་ང་ཚོས་ཐེ་ཚོམ་སོམ་ཉི་མེད་པར་རྒྱབ་སྐྱོར་ཞུ་དགོས་པ་དེ་རེད། གཉིས་པ་དེར་དཀའ་རྙོག་ཇི་འདྲ་ཞིག་ཡིན་ཡང་གྲོས་མོལ་གྱི་ལམ་ནས་སེལ་དགོས་སྟབས། བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་དབར་བོད་རྒྱ་འབྲེལ་མོལ་མགྱོགས་མྱུར་བསྐྱར་གསོ་ཡོང་ཐབས་ཞུ་རྒྱུ་དེ་རེད།
སྤྱིར་བོད་དོན་བདེན་མཐའ་གསལ་ངེས་པ་ཞིག་རེད། འོན་ཀྱང་ང་ཚོས་ཛ་དྲག་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་༸སྐུ་གསེར་ཞལ་འཚོ་བཞུགས་རིང་རང་ཡུལ་བོད་དུ་ཕྱིར་གདན་འདྲེན་ཞུ་ཐུབ་པ་བྱ་རྒྱུའི་འབད་བརྩོན་གང་ཡོད་ཞུ་དགོས། ང་ཚོའི་སྲིད་བློན་མཆོག་ནས་ཀྱང་དུས་ཚོད་རན་པོ་ཞིག་ལ་བོད་དོན་ཐོག་ངེས་པར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད། འདས་པའི་ལོ་ཤས་ནང་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་གདུག་རྩུབ་མནར་གཅོད་མ་བཟོད་ནས་ད་བར་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ཡོད། དེས་གང་མཚོན་བཞིན་ཡོད་པ་བརྗོད་ན་རྒྱ་ནག་གཞུང་གིས་ལོ་ངོ་ ༦༠ རིང་བོད་ས་བཙན་བཟུང་བྱས་ཀྱང་བོད་མིའི་སྙིང་སྟོབས་ནམ་ཡང་མ་ཞུམ་པར་གནས་པ་གསལ་པོར་མཚོན། ང་ཚོས་ཀྱང་བོད་མིའི་སྙིང་སྟོབས་ལ་རྒྱབ་སྐྱོར་ཞུ་ཐོག་རྒྱ་ནག་དྲག་པོའི་རིང་ལུགས་དེ་རྩ་མེད་དུ་གཏོང་དགོས། ཞེས་སོགས་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་རྗེས་སྐུ་མགྲོན་རྣམས་ནས་རྒྱ་ནག་གི་ཁུངས་ལྡན་ཡིག་ཆ་ཁག་ལ་གཞི་བཞག་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པའི་རྒྱ་སྐད་ཐོག་ཡོད་པའི་དཔེ་དེབ་དབུ་འབྱེད་གནང་།
མཐར་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །