ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པ་སུན་ཝེ་ཌོན་ Sun Weidong ཟེར་བ་ཁོ་པས་ ༼ ཡར་རྒྱས་ཀྱི་ཕྱོགས་སུ་སྙེག་བཞིན་པའི་ཀྲུང་གོའི་བོད་ལྗོངས་ཀྱི་ལོ་རྒྱུས། ༽ ཞེས་འཁྱོག་བཤད་སྣ་ཚོགས་ཀྱིས་བསླད་པའི་དཔྱད་རྩོམ་ཞིག་རྒྱ་གར་གྱི་གསར་ཤོག་ཧིན་དུ་སི་ཐན་དུས་བབ་ Hindustan Times ཅེས་པའི་ནང་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ ཉིན་འདོན་སྤེལ་བྱས་འདུག ནང་དོན་ལ་བདེན་པའི་ཆ་ཕྲ་མོ་ཙམ་ཡང་མེད་ཅིང་། གཞན་མགོ་བོ་རྨོངས་སུ་འཇུག་རྒྱུ་ཁོ་ནའི་བྱེད་བབ་དེ་ནི། ཁོ་པས་གང་བཤད་ལ་འཛམ་གླིང་གིས་ཆ་འཇོག་དང་ཡིད་ཆེས་བྱ་རྒྱུ་རེད་བསམ་པའི་རེ་སྟོང་གི་རྣམ་པ་མངོན་པར་བྱས། ཕྱི་ཉིན་དེར་རྒྱ་ནག་གཞུང་འབྲེལ་དམར་ཤོག་ཚོགས་པའི་མགྲིན་ཚབ་པ་ཤིང་ཧྭ་གསར་ལས་ཁང་གིས་གཡམ་རྒྱུག་ཀྱིས་དཔྱད་རྩོམ་དེ་བཞིན་འདོན་སྤེལ་བྱས་པ་དེར་ཡ་མཚན་སྐྱེ་དགོས་པ་ཞིག་ག་ལ་ཡོད།
བོད་མིར་མཚོན་ན་རྒྱ་ནག་གཞུང་གི་དབང་སྒྱུར་འོག་མི་ལོ་ ༦༠ རིང་དཀའ་སྡུག་སྣ་ཚོགས་མྱངས་དང་མྱོང་བཞིན་པ་མ་གཏོགས། ཁོ་པས་བཤད་པ་ལྟར་བོད་མིའི་འཚོ་བར་ཡར་རྒྱས་བཏང་རབས་དང་ཆོས་དད་རང་མོས་ཐོབ་ཡོད་རབས་བཤད་པ་དེ་དག་བདེན་པ་རྩ་བ་ནས་མ་རེད། དེ་ལས་ལྡོག་སྟེ་ལོ་ངོ་ ༦༠ རིང་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་འོག་སྡུག་སྦྱོང་མནར་གཅོད་དང་། གཉའ་གནོན་བཤུ་གཞོག་སོགས་བསམ་ཡུལ་ལས་འདས་པའི་དཀའ་སྡུག་སྣ་ཚོགས་མྱངས་དང་མྱོང་མུས་ཡིན། དེ་ལྟར་ནའང་རྒྱ་ནག་གཞུང་ཚབ་པ་སུན་ཝེ་ཌོན་ Sun Weidong ཟེར་བ་ཁོ་པས། ༼ བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་རེད་་་་་ད་ལྟ་བོད་ནི་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་མདུན་སྤོ་བྱེད་བཞིན་ཡོད། ༽ ཅེས་རྒྱ་གར་གྱི་ས་ཐོག་ཏུ་བག་ཚ་སྤུ་ཙམ་མེད་པར་ཧམ་བཤད་དེ་འདྲ་བྱས་ཕོད་པ་ནི་ཧང་སང་དགོས་པ་ཞིག་རེད། གང་ཡིན་བརྗོད་ན། རྒྱ་ནག་གི་དབང་སྒྱུར་འོག་བོད་མིས་དཀའ་སྡུག་ཇི་ཙམ་མྱངས་པའི་གནས་ཚུལ་ཡག་ཤོས་ཤེས་མཁན་རྒྱ་གར་ཁོ་ན་རེད།
འདིར་ཕྲན་ནས་ལོ་རྒྱུས་ལ་གཞི་བཅོལ་ཏེ་རྒྱ་ནག་གི་གཞུང་ཚབ་པ་དང་རྒྱ་རིགས་འགོ་ཁྲིད་ཚོར་གསལ་བཤད་ཚིག་འགའ་ཞུ་རྒྱུར། དུས་རབས་བདུན་པའི་ནང་བོད་རྗེ་ཆོས་རྒྱལ་སྲོང་བཙན་སྒམ་པོས་དཔའ་མཛངས་སྙིང་སྟོབས་ཆེན་པོས་རྒྱ་དམག་དང་འཐབ་ནས་གཡུལ་ལས་རྣམ་པར་རྒྱལ་རྗེས། གོང་མ་ཐང་གི་སྲས་མོ་ཀོང་ཇོ་བཙུན་མོར་བཞེས། ཀོང་ཇོ་ནི་སྲོང་བཙན་སྒམ་པོའི་བཙུན་མོ་ལྔ་པ་ཡིན་པ་ལས་བཙུན་མོ་རྒན་ཤོས་མིན། ཕྱོགས་མཚུངས་བོད་བརྒྱུད་ནང་བསྟན་ལ་མཚོན་ནའང་མཁན་སློབ་ཆོས་གསུམ་སྐབས་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་མ་གཏོགས་བོད་དུ་རྒྱ་ནག་ནས་ནང་ཆོས་དར་བ་རེད་ཟེར་ན་ལོ་རྒྱུས་ཀྱི་དན་རྟགས་ཤིག་སྟོན་རྒྱུ་མེད། རྒྱ་གར་འཕགས་པའི་ཡུལ་ནས་ལོ་པཎ་དུ་མ་བོད་དུ་བྱོན་ནས་མདོ་སྔགས་ཡོངས་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྒྱ་ཁྱབ་ཏུ་དར་འཕེལ་མཛད་པ་དང་། བོད་མི་ཚོས་ཀྱང་རྒྱ་གར་འཕགས་པའི་ཡུལ་ཞེས་ཆོས་ཁུངས་བཙུན་པོ་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་གནས་ཁྱད་པར་ཅན་ཞིག་ལ་བརྩིས་ནས་རྒྱ་གར་དུ་ནང་ཆོས་དོན་གཉེར་བྱས་ནས་ཕེབས་པའང་མང་པོ་བྱུང་ཡོད། རྒྱ་ནག་ལ་མཚོན་ན་བོད་མི་ཚོས་ཕར་ནང་ཆོས་སློབ་ཁྲིད་བྱས་པ་མ་གཏོགས་རྒྱ་མིའི་བླ་མས་བོད་མིར་ནང་ཆོས་སློབ་ཁྲིད་བྱེད་མཁན་བྱུང་བའི་ལོ་རྒྱུས་ཤིག་ཡོད་པ་ཆ་མ་འཚལ། དེར་བརྟེན་རྒྱ་ནག་གཞུང་ཚབ་པ་ཁོ་པས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དེ་རྒྱ་ནག་ནས་ཐོག་མར་དར་ཚུལ་བཤད་པ་ནི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ཁོ་ནར་ཟད།
སོག་པོ་ཀུབ་ལེ་ཁང་གིས་ ༼ ༡༢༦༠ – ༩༤ ༽ སོག་པོའི་ཤར་ཕྱོགས་ཀྱི་ས་ཁུལ་ཁག་དབང་དུ་བསྡུས་ནས་ཕྱི་ལོ་ ༡༢༧༡ ལོར་ཡོན་རྒྱལ་རབས་གཏོད། འོན་ཀྱང་ཡོན་རྒྱལ་རབས་འགོ་མ་ཚུགས་གོང་ནས་སོག་པོའི་རྒྱལ་པོ་གོ་དན་ཁང་དང་། ཀུབ་ལེ་ཁང་གི་དུས་སྐབས་ནས་བོད་སོག་ཆོས་ཡོན་གྱི་འབྲེལ་བ་ཚུགས་ཟིན་པ་རེད། ཕྱི་ལོ་ ༡༢༧༩ ལོར་སོག་པོའི་རྒྱལ་པོ་ཀུབ་ལེ་ཁང་གིས་རྒྱ་ནག་སུང་རྒྱལ་བརྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ་མངའ་དབང་དུ་བསྡུས་ནས་རིམ་བཞིན་རྒྱ་ནག་དེ་སོག་པོ་ཡོན་རྒྱལ་རབས་ཀྱིས་དབང་སྒྱུར་འོག་ཚུད་པ་རེད། དེར་བརྟེན་རྒྱ་ནག་ནི་སྐབས་དེར་སོག་པོ་ཡོན་རྒྱལ་རབས་ཀྱི་དབང་བསྒྱུར་བྱ་ཁོ་ན་མ་གཏོགས་དབང་སྒྱུར་བྱེད་རྩ་བ་ནས་ཆགས་མེད། སོག་པོས་བོད་དབང་སྒྱུར་བྱས་པ་དེས་བོད་རྒྱ་ཁོངས་ཡིན་པ་བསྒྲུབ་ཐུབ་ཟེར་ན། བོད་དང་རྒྱ་ནག་ལ་སོག་པོས་དབང་སྒྱུར་བྱས་ཡོད། དེར་བརྟེན་བོད་དང་རྒྱ་ནག་གཉིས་ད་ལྟ་སོག་པོའི་མངའ་ཁོངས་རེད་ཟེར་བ་དེར་རྒྱུ་མཚན་ཅིས་མི་ལྡན། རྒྱུ་མཚན་དེ་བས་ཆེ་བ་ཡོད།
ཕྱི་ལོ་ ༡༣༦༨ ལོར་རྒྱ་ནག་སོག་པོའི་དབང་འོག་ནས་ཐར་ཡོད་ཀྱང་བོད་ལ་མཚོན་ན་ལོ་བཅོ་བརྒྱད་གོང་ཙམ་ནས་སོག་པོའི་དབང་འོག་ནས་ཐར་ཟིན་པ་རེད། རྒྱ་ནག་སོག་པོའི་དབང་འོག་ནས་ཐར་རྗེས་ཕྱི་ལོ་ ༼ ༡༣༦༨ – ༡༦༤༤ ༽ ལོར་རྒྱ་ནག་མིང་རྒྱལ་རབས་འགོ་ཚུགས་པ་དང་། ཡོན་དང་མིང་རྒྱལ་རབས་ཀྱི་ས་ཁྲ་དང་ལོ་རྒྱུས་ཡིག་ཆ་ཁག་ཏུ་བོད་རྒྱ་ཁོངས་ཡིན་པ་ཞིག་རྩ་བ་ཉིད་ནས་མཐོང་རྒྱུ་མེད། ཡིག་རྙིང་དེ་དག་ནང་བོད་ཟེར་བ་དེ་རྒྱ་ནག་གི་ཕྱི་ལ་ཡོད་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་ཡོད། ཡོན་རྒྱལ་རབས་ཀྱི་མངའ་འོག་ཏུ་ཚོ་ཁག་བཅུ་གཉིས་ཡོད། དེའི་ཁོངས་སུ་བོད་དེ་ཚུད་མེད། དེ་ནི་བོད་ནང་སྤྱིར་སོག་པོའི་དབང་ཤུགས་སླེབས་ཡོད་ཀྱང་ཕྱི་ལོ་ ༡༢༥༣ ཙམ་ནས་བོད་ནང་ས་སྐྱའི་བླ་མ་རིམ་བྱོན་གྱིས་དབང་འཛིན་བྱས་པ་ལས་སོག་པོས་ཐད་ཀར་འཛིན་སྐྱོང་བྱས་མེད།
ཕྱི་ལོ་ ༡༥༩༤ ལོར་མིང་རྒྱལ་རབས་ཀྱིས་རྒྱ་ནག་དབང་སྒྱུར་བྱས་པའི་དུས་སྐབས་སུ་རྒྱ་མི་ཁྲིམས་ཀྱི་སློབ་སྟོན་པ་ཝང་ཟེར་བས་རྒྱ་ནག་གི་ས་ཁྲ་ཞིག་བྲིས་འདུག ས་ཁྲ་དེའི་ནང་དུའང་བོད་དེ་རྒྱ་ནག་གི་ཕྱི་རོལ་དུ་ཡོད་པའི་ས་ཁུལ་ཞིག་ལས་རྒྱ་ནག་གི་ས་ཁོངས་ཡིན་པ་ཞིག་ལ་ངོས་འཛིན་རྩ་བ་ནས་མ་བྱས་པ་མ་ཟད། བོད་དེ་ཡོན་དང་མིང་རྒྱལ་རབས་ཀྱི་མངའ་ཁོངས་སུའང་ངོས་འཛིན་གཏན་ནས་བྱས་མེད།
ཆིང་རྒྱལ་རབས་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ལམ་ལུགས་ཀྱི་འབྲེལ་བར་མཚོན་ན། ཐོག་མར་ང་ཚོས་ཤེས་དགོས་པ་ནི། ཆིང་རྒྱལ་རབས་དེ་མན་ཇུའི་མི་རིགས་ཡིན་པ་ལས་རྒྱ་མི་རིགས་མིན། མན་ཇུའི་རྒྱལ་བརྒྱུད་དེ་ཕྱི་ལོ་ ༡༦༤༤ ལོར་ཐོག་མར་བྱུང་བ་དང་། རྒྱལ་མཆོག་༸སྐུ་ཕྲེང་དང་པོ་༸རྒྱལ་དབང་དགེ་འདུན་གྲུབ་པ་མཆོག་ནི་དེ་སྔོན་སྟེ་ཕྱི་ལོ་ ༡༣༩༡ ལོར་སྐུ་འཁྲུངས་ཟིན། དགེ་འདུན་གྲུབ་པའི་ཡང་སྲིད་དགེ་འདུན་རྒྱ་མཚོ་མཆོག་ཕྱི་ལོ་ ༡༤༧༥ ལོར་སྐུ་འཁྲུངས་པ་དང་། ཕྱོགས་མཚུངས་༸རྒྱལ་དབང་༸སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ཕྱི་ལོ་ ༡༥༤༣ ལོར་སྐུ་འཁྲུངས། དེར་བརྟེན་ཆིང་རྒྱལ་བརྒྱུད་མ་དར་བའི་ལོ་ངོ་ ༢༥༣ གོང་ཙམ་ནས་བོད་དུ་༸རྒྱལ་བའི་ཡང་སྲིད་རྩད་འཚོལ་གྱི་ལམ་ལུགས་དར་ཟིན་པ་རེད།
ཕྱི་ལོ་ ༡༧༩༡ ནས་ ༡༧༩༣ བར་བོད་དང་གོར་ཁ་དམག་འཁྲུག་སྐབས། བོད་གཞུང་གིས་མན་ཇུ་གོང་མ་ཆིང་ལོང་ ༼ ༡༧༣༦།༡༧༩༥ ༽ གི་དམག་རོགས་གཉེར་དགོས་བྱུང་ཡོད། འདི་འདྲའི་དམག་རོགས་ཞུས་པ་ཚར་བཞི་ལ་སོང་། གོར་དམག་བོད་ནས་མཐར་སྐྲོད་བཏང་རྗེས་མན་ཇུའི་དཔོན་རིགས་རྣམས་ཀྱིས་བོད་གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་ལ་བསྙད་པའི་གྲོས་འདེབས་དོན་ཚན་ ༢༩ ཟེར་བ་ལམ་སྟོན་ཚུལ་དུ་གནང་བའི་ནང་དོན་གཅིག་ལ་ཏཱ་ལའི་བླ་མ་དང་། པཎ་ཆེན་བླ་མའི་ཡང་སྲིད་གསེར་བུམ་དཀྲུགས་ཏེ་ཐག་གཅོད་དགོས་པའི་གྲོས་འདུན་བཏོན་ཡོད། འོན་ཀྱང་ཏཱ་ལའི་བླ་མ་༸སྐུ་ཕྲེང་བཅུ་གཅིག་པ་ ༼༡༨༣༨-༡༨༥༦ ༽ མཆོག་ཁོ་ན་མ་གཏོགས་ཏཱ་ལའི་བླ་མའི་༸སྐུ་ཕྲེང་གཞན་གཅིག་ཀྱང་གསེར་བུམ་དཀྲུགས་ནས་ཐག་གཅོད་ཞུས་པ་བྱུང་མེད། ༸རྒྱལ་བའི་ཡང་སྤྲུལ་དེ་དག་བོད་བརྒྱུད་ནང་བསྟན་གྱི་འགྲོ་སྟངས་ལྟར། ལྷ་མོའི་བླ་མཚོ་དང་། ལྷ་བླའི་ལུང་བསྟན་སོགས་ལ་བརྟག་པ་བྱས་ནས་ཡང་སྲིད་ངོས་འཛིན་ཞུས་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཐག་གཅོད་ཞུ་རྒྱུར་ལོ་རྒྱུས་ཐོག་བདག་དབང་ཡོད་ཚུལ་བཤད་པ་དེ་དག་མཐའ་གཅིག་ཏུ་འཁྱོག་བཤད་དང་ཧམ་བཤད་ཁོ་ན་རེད།
ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༨ ནང་རྒྱ་ནག་གཞུང་གིས་བཀའ་ཁྱབ་ཨང་ ༥ ཟེར་བ་བསྒྲགས་ནས་བོད་མིའི་ཆོས་དད་རང་དབང་ལ་དམ་སྒྲགས་ཤུགས་ཆེ་བྱས་ཡོད། བཀའ་ཁྱབ་དེའི་འོག་བོད་མིའི་སྤྲུལ་སྐུའི་ཡང་སྲིད་ཀྱི་འོས་མི་སུ་འདྲ་ཞིག་ཡིན་རུང་སྤྲུལ་སྐུར་ངོས་འཛིན་ཞུ་བར་ཐོག་མར་རྒྱ་ནག་གཞུང་ནས་ཆོག་མཆན་བཀའ་འཁྲོལ་ཞུ་དགོས། ཆོས་དུག་ཏུ་ལྟ་མཁན་རྒྱ་ནག་གུང་ཁྲན་གྱིས་ཆོས་ལ་ཡིད་ཆེས་དང་དད་གུས་བྱས་ཟེར་བ་ཡོང་ཤེས་ཐབས་རྩ་བ་ནས་མེད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ལ་ཐེ་བྱུས་བྱས་པ་དེ་ནི་བཟང་སྤྱོད་དང་འགལ་ཞིང་། ཟུར་གནས་སྐྱེས་བུས་འཕྱ་སྨོད་བྱ་བའི་གནས་འབའ་ཞིག་ཏུ་ཟད། བོད་མི་ཚོས་ཀྱང་རྒྱ་ནག་གཞུང་གི་སྲིད་བྱུས་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་དགག་བྱ་བྱེད་བཞིན་ཡོད།
རྒྱ་ནག་གཞུང་གིས་སྟངས་འཛིན་བྱས་པའི་བོད་པའི་དགོན་པ་ཁག་ཏུ་བོད་རིགས་ཏང་ཡོན་ལས་བྱེད་དང་བོད་མི་མང་ཚོགས། མཐའ་ན་བོད་པའི་ཕྲུ་གུ་ཚུན་ཆད་ལའང་དམ་བསྒྲགས་བྱེད་བཞིན་པ་ནི་ཡ་མཚན་སྐྱེ་དགོས་པ་རེད། དགོན་པའི་ནང་སོ་ལྟའི་དཔར་ཆས་གང་སར་བཙུགས་ནས་དམ་བསྒྲགས་ཧ་ཅང་བྱེད་བཞིན་པ་མ་ཟད། གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་ལྟ་བུ་བོད་བརྒྱུད་ནང་བསྟན་སློབ་གཉེར་བྱེད་ཡུལ་བསྟི་གནས་ཁང་ཆེ་ཤོས་དེ་དག་རྒྱ་ནག་གཞུང་གིས་སྡང་ཟུག་ཆེན་པོས་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད། གནས་སྟངས་དེ་འདྲ་ཡོད་བཞིན་དུ་གཞུང་ཚབ་པས། བོད་མིར་ཆོས་དད་རང་དབང་ཡོད་ཟེར་བ་ནི་བཞད་གད་སློང་བའི་གཏམ་ཅི་ལ་མིན།
བོད་ཀྱི་ལོ་འཁོར་ཕྱོགས་སྡོམ་ཡར་རྒྱས་སྙན་ཐོར་གཞིགས་ནའང་ཡར་རྒྱས་བཏང་བའི་འབྲས་བུ་དེ་དག་བོད་མིར་ཐོབ་མེད། སྙན་ཐོའི་ནང་ཡར་རྒྱས་བཏང་བའི་གནས་ནི་དམག་དཔུང་རྒྱ་སྐྱེད་དང་། གཏེར་ཁ་སྔོག་འདོན། ཆུ་མཛོད་རྒྱ་སྐྱེད་ལས་གཞི། རི་ཕུག་འགྲོ་ལམ་རྒྱ་སྐྱེད། བོད་ནང་རྒྱ་རིགས་ལས་མི་གནས་སྤོ་སོགས་ལས་གཞི་དེ་དག་ཆེད་འགྲོ་སོང་བཏང་བ་ཞིག་གཙོ་བོ་ཡིན་སྟབས། སྲིད་བྱུས་དེ་དག་གི་དགོས་དམིགས་ནི་བོད་ཡུལ་རྒྱ་ཡུལ་དུ་འགྱུར་རྒྱུ་དང་། བོད་མི་ཚོ་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་འགྱུར་རྒྱུ། དེ་བཞིན་སྲིད་བྱུས་དེ་དག་ལ་བརྟེན་ནས་བོད་མཐོ་སྒང་གི་ཁོར་ཡུག་ཉམས་ཆག་བཏང་བ་དང་། དེ་ལ་བརྟེན་ནས་བོད་ཙམ་མ་ཟད་བོད་ཀྱི་ཁྱིམ་མཚེས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་གནམ་གཤིས་ལའང་དོ་ཕོག་བཏང་བ་སོགས་ཡོང་བཞིན་ཡོད།
རྒྱ་ནག་གཞུང་གིས་དུས་ནས་དུས་སུ་རྒྱ་གར་གྱི་ས་མཚམས་ནང་སིམ་འཛུལ་ཐེངས་མང་བྱས་པ་ང་ཚོ་ཚང་མས་ཧ་གོ་དོན་གསལ་རེད། དེ་ལྟར་ནའང་རྒྱ་ནག་གཞུང་ཚབ་པའི་དཔྱད་རྩོམ་གྱི་མཇུག་ཏུ། ༼ རྒྱ་གར་ནི་འགན་ཁུར་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་སྟབས། ང་ཚོའི་རེ་བར། རྒྱ་དཀར་ནག་གཉིས་ས་མཚམས་སུ་བཅད་པའི་ཚངས་ཐིག་གི་རྒྱ་ལས་མི་འགལ་ཞིང་། རང་མཚམས་བཟུང་རྒྱུའི་ཁེས་ལན་བྱས་པའི་འབྲུ་དོན་ལག་བསྟར་ཚུལ་བཞིན་རྒྱུན་སྐྱོང་བྱ་རྒྱུ་དང་། བོད་ཀྱི་གནད་དོན་ལ་ཐེ་བྱུས་བྱ་རྒྱུ་མིན་པའི་ཁས་ལེན་དེ་དག་རྒྱ་གར་ནས་མཇུག་སྣོན་བྱ་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད། ༽ ཅེས་བཤད་པ་ནི་ཆེད་མངགས་རྒྱ་གར་ལ་འཁྲུགས་རྐྱེན་སློང་གཞི་ཞིག་ལས་མ་འདས། རྒྱ་ནག་གཞུང་གིས་རྒྱ་གར་ཡུལ་འཁོར་ཆེན་པོའི་ས་ཁྱོན་ཆིག་སྒྲིལ་གྱི་བདག་དབང་དང་། ཁྲིམས་མགོ་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་ངོ་བོར་གཞིགས་པའི་འོས་འཚམས་ཀྱི་ཆེ་མཐོང་དང་བརྩི་བཀུར་ངེས་པར་ཞུ་དགོས་པ་མ་ཟད། འགན་ཁུར་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱིས་རྒྱ་ནག་གི་ཅོལ་ཆུང་གི་བྱེད་བབ་ལ་བཟོད་བསྲན་ཇི་ཙམ་བྱེད་བཞིན་པ་དེའང་རྒྱ་ནག་གིས་ཤེས་ཚོར་ཐུབ་དགོས། རྒྱ་དཀར་ནག་གཉིས་འབྲེལ་བ་བཟང་པོ་ཞིག་ཡོང་བར་བོད་ཀྱི་གནད་དོན་དེ་ངེས་པར་གསལ་དགོས། བོད་ཀྱི་གནད་དོན་གསལ་བར་བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་སྤྲོད་དགོས་པ་རེད།
གོང་རྩོམ་དེ་བཞིན་དྲིལ་བསྒྲགས་དྲུང་ཆེ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཅིག་ལྕོགས་ཨརྱ་ཚེ་དབང་རྒྱལ་པོ་ལགས་སྒེར་གྱི་བསམ་ཚུལ་ལས་བོད་མིའི་སྒྲིག་འཛུགས་ཀྱི་བསམ་ཚུལ་ཡིན་པའི་ཁྱབ་པ་མེད། ཨིན་ཡིག་ཐོག་སྤེལ་བའི་དཔྱད་རྩོམ་དེ་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས།