ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །ཕྱི་ཚེས་ ༡༤ དང་ ༡༥ བཅས་ཉིན་གཉིས་རིང་སུད་སིའི་གྲོང་ཁྱེར་ཇི་ནི་ཝར། དེང་སྐབས་རྒྱ་ནག་གཞུང་གིས་རིག་གསར་འཕྲུལ་ཆས་བཀོལ་སྤྱོད་འོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་གནང་འདུག ཉིན་གྲངས་གཉིས་རིང་གི་ལྷན་ཚོགས་སྐབས་བརྗོད་གཞི་ཁག་བཞིའི་ཐོག་བགྲོ་གླེང་གནང་ཡོད་འདུག
དེ་ཡང་བརྗོད་གཞི་དེ་རྣམས་ནི། རིག་གསར་འཕྲུལ་ཆས་དང་འབྱུར་འགྱུར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། རྒྱ་ནག་གིས་རིག་གསར་འཕྲུལ་ཆས་ལ་བརྟེན་ནས་ཆོས་དད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པ། རྒྱ་ནག་གཞུང་གིས་རང་ཉིད་དང་འདྲ་བའི་གཅིག་བསྡུས་དབང་འཛིན་པའི་རྒྱལ་ཁབ་གཞན་ལ་སོ་ལྟའི་པར་ཆས་སོགས་སོ་ཉུལ་འཕྲུལ་ཆས་མཁོ་སྤྲོད་བྱས་པ་དང་། གཅིག་བསྡུས་དབང་འཛིན་པ་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ང་ཚོས་གདོང་ལེན་ཇི་ལྟར་བྱེད་དགོས་པ། ཞེས་བརྗོད་གཞི་ཁག་བཞི་ལ་ཆ་བགོས་གནང་ནས་བརྗོད་གཞི་རེ་རེའི་ཐོག་བགྲོ་གླེང་ལྷུག་པོ་བྱུང་འདུག
དེ་ཡང་ཉིན་དང་པོའི་བགྲོ་གླེང་སྐབས། ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་འདུག སྐབས་དེར་དེང་སྐབས་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་སུ་རིག་གསར་འཕྲུལ་ཆས་ལ་བརྟེན་ནས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་དང་།
ལྷག་པར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གི་ས་ཁུལ་ཁྱོན་ཡོངས་སུ་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་དུས་རྟག་ཏུ་སོ་ལྟའི་པར་ཆས་དང་། གདོང་རིས་དང་ལག་རིས་སོགས་ལ་བརྟེན་ནས་རྒྱབ་ལྗོངས་ལོ་རྒྱུས་དང་གནས་ཚུལ་ལམ་སང་ཤེས་རྟོགས་ཐུབ་པ་སོགས་མདོར་ན་རིག་གསར་གྱི་འཕྲུལ་ཆས་ལ་བརྟེན་ནས་དམ་བསྒྲགས་ཀྱི་ལས་གཞི་སྲ་བརྟན་བཟོ་ཐབས་བྱེད་བཞིན་ཡོད་སྐོར་བགྲོ་གླེང་གནང་འདུག དེ་ཡང་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གིས་རིག་གསར་འཕྲུལ་ཆས་ལ་བརྟེན་ནས་དམ་བསྒྲགས་བྱེད་དགོས་དོན་ནི། རྒྱ་ནག་དམར་པོའི་དབང་ཆ་སྲ་བརྟན་ཡོང་བ་དང་། དབང་ཆ་སྒེར་གཅོད་བྱེད་མཁན་དམར་པོའི་འགོ་ཁྲིད་ཚོས་མུ་མཐུད་མི་མང་ཐོག་སྟངས་འཛིན་བྱེད་ཐུབ་ཆེད་རེད། ལྷག་པར་དམ་བསྒྲགས་བྱེད་སྟངས་དཔེ་གསར་དེ་དག་ལག་བསྟར་བྱེད་ཡུལ་ནི་གྲངས་ཉུང་མི་རིགས་དང་། ཆོས་ལུགས་མི་སྣ། མང་ཚོགས་ཀྱི་ཆོས་དད་བཅས་ལ་དམིགས་སུ་བཀར་ནས་སྡང་ཟུག་བྱེད་བཞིན་ཡོད། དེར་བརྟེན་ད་ཆ་རིག་གསར་གྱི་འཕྲུལ་ཆས་དེ་དག་སྤྱི་འབངས་ཀྱི་དགོས་མཁོ་བསྒྲུབ་རྒྱུའི་ཚབ་ཏུ་གཅིག་བསྡུས་དབང་འཛིན་པའི་དབང་ཆ་སྲ་བརྟན་ཁོ་ནའི་ཆེད་དམ་བསྒྲགས་ཀྱི་ལག་ཆར་བཀོལ་བཞིན་ཡོད། ཚན་རིག་ཡར་རྒྱས་ཕྱིན་པའི་མཐར་ཐུག་དགོས་དམིགས་འདི་ཙམ་ཞིག་རེད་དམ། ཞེས་གསུངས།
གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་གཞི་རྩར་བཞག་ནས་རྒྱ་ནག་ནང་འདས་པའི་ལོ་ངོ་བཅུ་ཕྲག་རིང་ཆབ་སྲིད་ཀྱི་འགྱུར་འགྲོས་སྐོར་གསུངས་པ་དང་སྦྲགས། ད་ལྟའི་ཁེངས་དྲེགས་ཅན་གྱི་རྒྱ་ནག་སྟོབས་ཆེན་ཆགས་ཐུབ་པ་དེ་གཙོ་ཆེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དང་བསྟུན་མཁས་ཀྱི་སྲིད་བྱུས་འཛིན་པར་བརྟེན་བྱུང་བ་ཞིག་ཡིན་སྟབས། ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག་གིས་རྒྱ་ནག་ཐོག་སྲིད་བྱུས་སྔར་བས་མཁྲེགས་པ་དང་། རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་དུས་ཐོག་སྐྱོན་བརྗོད་དང་དགག་བྱ་བྱེད་ཐུབ་པ་ཞིག་བྱེད་དགོས་པ་གསུངས།
ཕྱོགས་མཚུངས་ནུབ་ཕྱོགས་སྲིད་གཞུང་གཙོ་བོར་གྱུར་བའི་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་སྲིད་གཞུང་ཁག་ལ་རྒྱ་ནག་དང་འབྲེལ་བ་གནང་བཞིན་པའི་སྲིད་བྱུས་ལ་ངེས་པར་དུ་བསྐྱར་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་འདུག དེ་ཡང་ཁོང་གིས་གནད་དོན་བཞིའི་ཐོག་ཁོང་གིས་སེམས་འཚབ་དང་སྦྲགས་བསྐྱར་ཞིབ་དགོས་པ་གསུང་དོན། སྲིད་གཞུང་ཁག་གིས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས་སྔ་ས་ནས་གཟབ་ནན་དགོས་པ་དང་། བཟང་ཕྱོགས་ཀྱི་རེ་བ་ཆེ་དྲགས་པའི་སྲིད་བྱུས་ནོར་བ་འཛིན་རྒྱུ་མེད་པ། ཅི་སྟེ་དེ་ལྟར་བྱུང་ཚེ་སྲིད་གཞུང་ཇི་འདྲ་ཞིག་ཡིན་ཡང་མཐར་ཕམ་ཉེས་ཡོང་རྒྱུ་ཡིན་སྟབས། དེ་སྔ་ནོར་འཁྲུལ་བྱུང་བ་ཁག་ལ་བསྐྱར་ཞིབ་དགོས་པ། ནུབ་ཕྱོགས་རང་དབང་ལུང་པས་རྒྱ་ནག་དང་བསྟུན་དྲགས་ན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་ཆེ་མཐོང་ཉམས་རྒུད་འགྲོ་ངེས་ཡིན་པ། ད་ཆ་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཡིན་སྟབས་དེར་གཞིགས་པའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་ཚད་མཉམ་པ་ཞིག་བཟོ་ཐུབ་དགོས་པའི་བསམ་འཆར་གསུངས།
ནུབ་ཕྱོགས་སྲིད་གཞུང་ཁག་གིས་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་འོག་ནས་རང་ཉིད་ཀྱི་ཁེ་ཕན་གང་མང་བསྒྲུབ་ཐབས་བྱེད་བཞིན་ཡོད། སྲིད་བྱུས་དེ་ནུས་པ་ལྡན་པ་ཞིག་ཡིན་པ་ནུབ་ཕྱོགས་སུ་ཡོངས་གྲགས་རེད། སྲིད་བྱུས་དེ་ལ་བརྟེན་ནས་རྒྱ་ནག་གཞུང་ལ་གདེང་སྤོབས་སླེབས་པ་དང་། དེ་ལ་བརྟེན་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བག་ཚ་མེད་པར་རྡོག་རོལ་བཏང་ཞིང་། བོད་མི་མང་པོའི་ཚེ་སྲོག་ཀྱང་ཤོར་ཡོད།
ད་ཆ་མང་གཙོའི་སྲིད་གཞུང་ཁག་གིས་མཉམ་རུབ་ཐོག་རྒྱ་ནག་གི་བྱེད་བབ་ལ་གདོང་ལེན་གནང་དགོས་པ་དང་། འཐབ་བྱུས་དེ་ནི་ནུས་པ་ལྡན་ཞིང་། དེ་བརྒྱུད་རྒྱ་ནག་འགན་ཁུར་ལྡན་པའི་རྒྱལ་ཁབ་ཅིག་བཟོ་དགོས། འཛམ་གླིང་ནང་མང་གཙོ་དང་ཁྲིམས་ལུགས་དབང་འཛིན་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་ཀུན་ཁྱབ་བཟང་སྤྱོད་གོང་འཕེལ་ཆེད་ང་ཚོས་ཆོད་སེམས་ལ་བསྐྱར་ཞིབ་ཀྱིས་མཐར་ཆབ་སྲིད་ཀྱི་འདུན་པ་སྲ་བརྟན་ཞིག་སྐྲུན་ཐབས་དགོས་པ་གསུངས།
ཕྱོགས་མཚུངས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཨེཌ་ཝཌ་ཅིན་ Edward Chin ལགས་ཀྱིས་ཉེ་ལམ་ནས་བཟུང་ཧོང་ཀོང་མི་མང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་མི་མང་གྱེན་ལངས་ལས་འགུལ་ཆེན་མོའི་སྐབས་རྒྱ་ནག་གཞུང་གིས་རིག་གསར་འཕྲུལ་ཆས་བཀོལ་སྤྱོད་ཇི་ལྟར་བྱས་པའི་སྐོར་གསུངས། སྐབས་དེར་ཁོང་གིས་དེང་སྐབས་གཅིག་བསྡུས་དབང་འཛིན་པ་ཚོས་རིག་གསར་འཕྲུལ་ཆས་ལ་བརྟེན་ནས་རྩོད་རྙོག་འདུམ་འགྲིག་ཡོང་ཐབས་བྱེད་བཞིན་པ་དང་། པེ་ཅིང་སྲིད་གཞུང་གིས་ཧོང་ཀོང་མི་མང་གི་མངོན་འདོད་ལ་བརྩི་བཀུར་མ་ཞུ་ཚེ་ཧོང་ཀོང་གི་དཀའ་ངལ་མུ་མཐུད་གནས་རྒྱུ་ལས་ལམ་སང་ཐག་གཅོད་ཡོང་རྒྱུ་མིན་སྐོར་གསུངས་པ་མ་ཟད། བོད་དང་ཧོང་ཀོང་གི་གནས་སྟངས་མི་འདྲ་བའི་ཁྱད་པར་གསུང་དོན། ང་ཚོར་མཚོན་ན་ཧོང་ཀོང་ནི་རྒྱ་ནག་གི་ཆ་ཤས་ཤིག་རེད། འོན་ཀྱང་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མིན། ང་ཚོས་ས་གནས་གང་འདྲ་ཞིག་ཏུ་སྐྱོད་ཀྱང་ལངས་ཕྱོགས་དེ་ང་ཚོ་ཐུན་མོང་གི་ལངས་ཕྱོགས་ཤིག་ཡིན་བསམ་པའི་ཐོག་ནས་གཞན་ལའང་དེ་ལྟར་འགྲེལ་བརྗོད་བྱ་རྒྱུ་དེ་ང་ཚོའི་ཚོགས་པའི་ལངས་ཕྱོགས་རེད། ང་ཚོ་ཧོང་ཀོང་མི་མང་ཚོས་རང་བཙན་རྩོད་ཀྱི་མེད། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྩོད་བཞིན་ཡོད། ཅེས་སོགས་གསུངས།