ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་པན་ཇབ་མངའ་སྡེའི་གྲོང་ཁྱེར་ཨམྲིཏ་སར་དུ་རྟེན་གཞི་བྱས་པའི་སིག་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་གུ་རུ་ནཱ་ནག་མཆོག་གི་མཚན་འཁོད་ཀྱི་མཐོ་སློབ་ Guru Nanak Dev University ཞེས་པར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཁུལ་དེར་ཆོས་ལུགས་མཐུན་སྒྲིལ་ལྷན་ཚོགས་ཐོག་བཀའ་སློབ་སྩལ་འདུག སྤྱིར་ལས་རིམ་དེ་ནི་གུ་རུ་ནཱ་ནག་མཆོག་འཁྲུངས་ནས་ལོ་ ༥༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་ཆ་ཤས་ཡིན་འདུག ལྷན་ཚོགས་དེར་ཡུལ་སྐད་དུ་ཨིག་ནུར་ Ik-Noor ཞེས་ཆོས་ལུགས་འདྲ་མིན་འཆམ་མཐུན་དང་བསམ་ཤེས་ཀྱི་སྲོལ་བཟང་རྒྱུན་འཛིན་བྱས་པའི་དོན་ཡིན་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་གསེར་གྱི་ལྷ་ཁང་དུ་གནས་གཟིགས་མཛད་འདུག དེ་རྗེས་མཐོ་སློབ་ཏུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་མཛད་སྒོའི་ཐོག་བཀའ་སློབ་སྩལ་འདུག
མཐོ་སློབ་ཏུ་༸ཞབས་སོར་འཁོད་མཚམས་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་ཇ་སི་པཱལ་སིངྒ་སནྡུ་ Dr Jaspal Singh Sandhu ལགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་ནས་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་རིགས་བདག་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་ངོ་ ༢༥ གོང་མཐོ་སློབ་དེར་ཆིབས་སྒྱུར་བསྐྱངས་པའི་སྐོར་སོགས་ངོ་སྤྲོད་ཞུས་འདུག
སྐབས་དེར་པན་ཇབ་མངའ་སྡེའི་དཔལ་འབྱོར་བློན་ཆེན་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་མན་པྲིཏ་སིངྒ་བྷཱ་དལ་ Manpreet Singh Badal མཆོག་གི་ཚབ་ཞུས་ནས་གསུང་བཤད་གནང་འདུག
གཞན་ཡང་ཁོང་གིས་གུ་རུ་ནཱ་ནག་མཆོག་གིས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་ཆོས་ལུགས་ཕན་ཚུན་འཆམ་མཐུན་གོང་འཕེལ་སླད་སྐུ་ངལ་ཧ་ཅང་བསྐྱོན་པའི་སྐོར་སོགས་ངོ་སྤྲོད་ཞུས་པ་དང་སྦྲགས། རྒྱ་གར་ཡུལ་འཁོར་ཆེན་པོའི་མཐའ་མཚམས་ཀྱི་ས་ཁུལ་ཞིག་ཡིན་སྟབས་པན་ཇབ་ཡུལ་མི་ཚོ་རང་བཞིན་གྱི་དཔའ་ངར་སྙིང་སྟོབས་ལྡན་ཞིང་དུས་རྟག་ཏུ་དགྲ་བོར་གདོང་ལེན་བྱ་རྒྱུར་འཇིགས་ཞུམ་མེད་པར་གནས་ཡོད་སྐོར་སོགས་ཞུས།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཁང་ནང་ཚོགས་བཅར་བ་མི་གྲངས་ ༩༠༠ ལྷག་ལ་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་བཞི་ལས་ཐོག་མར་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་གཞི་རྩའི་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་དང་བཟོད་བསྲན། ཆོག་ཤེས། རང་ཁྲིམས་སྲུང་རྒྱུའི་བསླབ་བྱའི་སྐོར་དང་། དེ་ནས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན། ང་ཚོ་ཐོག་མར་སྐྱེས་ནས་བྱིས་པའི་གནས་སྐབས་སུ་བྱིས་པ་གཞན་སུ་འདྲ་ཞིག་ཐུག་སྐབས་གཅིག་གྱུར་གྱི་བསམ་བློ་དེ་ཡོད་ཀྱང་རིམ་བཞིན་ནར་སོན་རྗེས་སློབ་གྲྭ་སོགས་འགྲིམ་སྐབས་ང་ཚོ་དང་ཁོ་པ་ཚོ། ཞེས་ཆོས་དད་དང་མི་རིགས། རྒྱལ་ཁབ་སོགས་རིམ་པ་གཉིས་པའི་གནས་སྟངས་ཐོག་ཕྲན་བུ་མི་འདྲ་བ་དེར་གཙིགས་ཆེར་འཛིན་ནས་དམག་འཁྲུག་གིས་གཙོས་རྙོག་གྲ་ཚང་མ་ཡོང་བཞིན་ཡོད། དེང་སྐབས་ཆོས་མིང་འོག་ནས་མི་ཕན་ཚུན་གསོད་རེས་ཀྱང་བྱེད་བཞིན་ཡོད་པ་དེ་ནི་ཧ་ཅང་ཐབས་སྡུག་རེད།
དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་མིས་བཟོས་པ་རེད། དེར་བརྟེན་དཀའ་ངལ་དེ་དག་སེལ་རྒྱུར་ངོ་ཚོ་མི་རེ་ངོ་རེར་ལས་འགན་ཡང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་འདུག
དེ་ནས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་སློབ་གསོ་དགོས་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་དོན། རྒྱ་གར་ནང་དེང་དུས་ཤེས་ཡོན་ལམ་ལུགས་དེ་གཙོ་ཆེར་ཨིན་ཇིས་གཏན་འབེབས་ངོ་སྤྲོད་བྱས་པ་ཞིག་རེད། བློ་སྦྱོང་གི་རྣམ་གཞག་མེད། འོན་ཀྱང་རྒྱ་གར་རང་གི་སྲོལ་རྒྱུན་ནང་ལོ་ངོ་ ༣༠༠༠ གོང་ནས་ཞི་གནས་དང་ལྷག་མཐོང་སོགས་བློ་སྦྱོང་གི་འགྲོ་སྟངས་ཧ་ཅང་གཏིང་ཟབ་ཡོད་པ་རེད། དེར་བརྟེན་རྒྱ་གར་བ་ཚོས་དེང་དུས་ཤེས་ཡོན་ལམ་ལུགས་དང་རྒྱ་གར་རང་ཉིད་ལ་གནའ་རབས་ནས་དར་སྲོལ་ཡོད་པའི་ལེགས་བཤད་དེ་གཉིས་ཟུང་འབྲེལ་ཐོག་ནས་འགྲོ་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཞིག་མཐོང་གི་འདུག དེང་རབས་རིག་གསར་རྐྱང་པས་སེམས་ནང་ཞི་བདེ་སྐྲུན་རྒྱུར་ཕན་ཐོགས་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་འདུག
དེ་ནས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན། གུ་རུ་ནཱ་ནག་མཆོག་ལ་མཚོན་ན་ཁ་ཆེའི་གནས་ཆེན་མ་ཁར་ Mecca གནས་གཟིགས་ཆེད་ཕེབས་འདུག ཧ་ལས་པ་རེད། ཁོང་གིས་ཆོས་ལུགས་ཚང་མར་གུས་བརྩི་ཞུས་ནས་ཆོས་ལུགས་མཐུན་སྒྲིལ་ཐོག་མིག་དཔེ་འོས་པའི་མཛད་རྗེས་བཞག་ཡོད། སིག་ཆོས་ལུགས་ནང་རིགས་རུས་མཆོག་དམན་བརྩི་སྲོལ་མེད། རིགས་རུས་མཆོག་དམན་བརྩི་རྒྱུ་ཟེར་བ་ད་ཆ་དུས་ཚོད་ཡོལ་ཟིན་པ་ཞིག་རེད།
ཆོས་ལུགས་ཚང་མས་བྱམས་བརྩེའི་བསླབ་བྱ་སྐྱོན་བཞིན་ཡོད་པ་ལྟར་རྒྱ་གར་ནང་ལ་མཚོན་ན་དཀར་ཟས་སྟེན་མཁན་ཧ་ཅང་མང་པོ་འདུག དེ་ནི་གཙོ་ཆེར་འཚེ་བ་མེད་པའི་ལྟ་སྤྱོད་གཞི་ལ་བཞག་པའི་སྙིང་རྗེའི་ཉམས་ལེན་ལ་བརྟེན་ནས་རེད། ཧ་ཅང་ངོ་མཚར་ལྡན་པ་རེད་འདུག
ད་ཆ་ཉམས་ལེན་དེ་དཀར་ཟས་ཙམ་མིན་པར་ཁོར་ཡུག་སྲུང་སྐྱོབ་དང་། སྲོག་ཆགས་བྱ་རི་དྭགས་དང་། ཉ། ཐ་ན་འབུ་སྲིན་ཚུན་ཆད་སྲུང་སྐྱོབ་ཆེད་དུའང་ལག་བསྟར་ཐུབ་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་འདུག ཅེས་བཀའ་སློབ་སྩལ་འདུག དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེན་གྱི་མཛད་ཁུར་གསུམ་པ་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པར་སྲུང་སྐྱོབ་སྐོར་བཀའ་སློབ་སྩལ།
དེ་ནས་ཁ་ཆེ་དང་ཡེ་ཤུ། ཧིན་དུ་སོགས་ཀྱི་ཆོས་དཔོན་སོ་སའི་ཆོས་ལུགས་མཐུན་སྒྲིལ་སྐོར་གསུང་བཤད་གནང་འདུག དེ་ནས་ཉེ་བའི་རིགས་བདག་གི་ཁང་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཉིན་གུང་ལྗགས་སྨིན་དགྱེས་བཞེས་མཛད་རྗེས་མཁའ་ལམ་བརྒྱུད་བཞུགས་སྒར་དུ་ཆིབས་༸ཞལ་སྒྱུར་བ་བཅས། །