ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གཙོས་ཕྱག་རོགས་སི་པན་རྒྱལ་ཁབ་ནས་ཡིན་པའི་སྐུ་ཞབས་ཇཱ་ཝེར་Javier Nogue Begue ལགས་དང་སྐུ་ཞབས་པོ་ནུ་བྷིའོ་ལ་ Pau Nubiola Muck ལགས་བཅས་ཡུ་རོབ་རྒྱལ་ཁབ་ཁག་ ༣༠ ནང་ཡུ་རོབ་ཞི་བདེའི་གྲོས་མོལ་ཞེས་སྐོར་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ ཉིན་ཁོང་རྣམ་པ་གསུམ་སུད་སི་གྲོང་ཁྱེར་ཇི་ནི་ཝར་ཕེབས་འབྱོར་སྐབས་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། ཡུ་རོབ་དང་ལྷོ་ཨ་ཕི་རི་ཀའི་ཁུལ་གྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། སུད་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་དང་སུད་སིའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་གཅིག་ལ་ཐུག་འཕྲད་གནང་ཡོད།
ཡུ་རོབ་ཞི་བདེའི་གྲོས་མོལ་ཞེས་པའི་སྐོར་བསྐྱོད་ཉིན་མཐའ་མ་དེ་སུད་སིའི་ནང་མཇུག་བསྒྲིལ་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཡུ་རོབ་རྒྱལ་ཁབ་ ༣༠ ནང་ཡུ་རོབ་ཞི་བདེའི་གྲོས་མོལ་ཞེས་སྐོར་བསྐྱོད་གནང་དགོས་པའི་སྐོར་གསུང་དོན། འདི་ལོ་ནི་སྤྱི་ནོར་༧གོང་སྐྱབས་༸མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ལོ་ངོ་ ༣༠ འཁོར་བཞིན་པ་དང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བཞིན་ཡོད་སྟབས། ཡུ་རོབ་རྒྱལ་ཁབ་ ༣༠ ནང་ཡུ་རོབ་ཞི་བདེའི་གྲོས་མོལ་ཞེས་སྐོར་བསྐྱོད་བྱས་པ་ཡིན། ཞེས་གསུངས།
འདས་པའི་ཟླ་བ་གཉིས་དང་བདུན་ཕྲག་གཅིག་གི་རིང་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཡུ་རོབ་རྒྱལ་ཁབ་ཁག་ ༣༠ ནང་སྐོར་བསྐྱོད་ཀྱིས་གྲོས་ཚོགས་འཐུས་མི་དང་། གྲོང་སྡེའི་སྤྱི་ཁྱབ་པ། གཞུང་ཚབ་མི་སྣ། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ། གསར་འགོད་པ། མཐོ་སློབ་ཀྱྱི་སློབ་ཕྲུག་སོགས་དང་ཐུག་འཕྲད་གནང་སྟེ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་རྒྱ་ནག་གཞུང་གིས་བོད་རྒྱ་གཉིས་ཀྱི་གནད་དོན་སྐོར་གྲོས་མོལ་བྱེད་དགོས་པའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་གསུངས་པ་མ་ཟད། ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ཁག་ལ་ཡི་གེ་ཕུལ་ཡོད། །