ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །པཎྚི་ཏ་ནམ་མཁའ་རྒྱ་མཚོ་མཆོག་འཁྲུངས་ནས་ལོ་ངོ་ ༤༢༠ འཁོར་བའི་དུས་དྲན་དང་བསྟུན། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱི་རང་བཞིན་ལྡན་པའི་ཡུ་རོབ་དང་ཨེ་ཤི་ཡའི་ཤར་ནུབ་མི་རིགས་ཀྱི་ནང་པའི་སྲིད་པའི་དཔལ་ཡོན་དང་ཆོས་ལུགས་ཀྱི་ཤུལ་དངོས་སྐོར་གྱི་ཚོགས་འདུ་ཐེངས་དང་པོ་དབུ་འབྱེད་གནང་ཡོད།
དེ་ཡང་པཎྚི་ཏ་ནམ་མཁའ་རྒྱ་མཚོ་མཆོག་ནི། ཕྱི་ལོ་ ༡༥༩༩ ལོར་འཁྲུངས་ཤིང་། ཕྱི་ལོ་ ༡༦༡༥ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཏེ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཞབས་ལ་གཏུགས་ཏེ་ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་མཐིལ་ཕྱིན་གནང་བ་མ་ཟད། ནང་པའི་གཞུང་ཆེན་པོ་ཏི་ ༡༧༠ ལྷག་སོག་སྐད་དུ་བསྒྱུར། ཕྱི་ལོ་ ༡༦༦༢ ལོར་དམ་པ་དེ་ཉིད་སྐུ་ཞི་བར་གཤེགས།
ཐེངས་འདིའི་ཚོགས་འདུའི་སྟེང་ཁལ་མུག Kalmykia དང་། བྷུར་ཡ་ཐི། Buryatia ཨལ་ཏ། Altai ཀ་ཛ་ཀི་སི་ཐན། Kazakhstan ཁེ་ན་ཌ་བཅས་ནས་ཕེབས་པའི་ནང་པའི་མཁས་པ་དང་སྐད་བརྡ་རིག་པ་བ་གྲངས་ ༢༥ ནས་ཁལ་མུག་ལུང་པའི་ནང་རྟེན་གཞི་བྱས་པའི་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་དགོན་དུ་ཉིན་གསུམ་རིང་གཏམ་བཤད་དང་གོ་རྟོགས་སྤེལ་རེས་ལྷུག་པོ་གནང་ཡོད། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཨུ་རུ་སུའི་ནང་ནང་ཆོས་ཐོག་ལྟ་ཚུལ་དང་ནང་ཆོས་ཇི་ལྟར་དར་བའི་སྐོར་གཏམ་བཤད་གནང་ཡོད་པ་བཅས། །