ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༩ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་༸ཞབས་སོར་འཁོད་གནང་མཛད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་བྱེད་གཙོ་བོར་གྱུར་བའི་སེར་སྐྱ་ཕོ་མོ་བརྒྱ་ཕྲག་བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་སོགས་ཐོགས་ནས་དགའ་དད་སྤྲོ་གསུམ་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་ཡང་མགོན་པོ་མཆོག་གི་ཐོག་མར་ཚོགས་ཁང་གསར་པར་རབ་གནས་བཀའ་དྲིན་བསྐྱངས་པ་དང་། དེ་རྗེས་ཚོགས་ཁང་གི་ཡང་སྟེང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས། སྐབས་དེར་སྡིངས་ཆེའི་སྟེང་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ཐོག་ཕེབས་པའི་བསྟན་བདག་བླ་ཆེན་རྣམ་པ་དང་བླ་སྤྲུལ་དང་སྐུ་ཚབ་ཚང་འཛོམས་ཀྱིས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྣང་གསལ་ཞལ་ཕྱེ་མཛད།
དེ་ནས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜེལ་རྟེན་གསུམ་འདེགས་འབུལ་ཞུས་བསྟུན། བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་སྐབས་གྲོས་གཞི་གྲོས་ཆོད་ཁག་ལྷ་སྙན་སྒྲོན་འབུལ་ཞུས་གྲུབ་མཚམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བླང་དོར་བཀའ་སློབ་སྩལ་བའི་སྙིང་པོར། སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རིམ་པ་གསུམ་བསྐོར་ཚུལ་དང་། བོད་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་།
ལྷག་པར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ནས་མཁན་ཆེན་ཞི་བ་འཚོ་སོགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་མཛད་ཚུལ། དེང་སྐབས་ཚན་རིག་པ་ཚོས་ཀྱང་ནང་ཆོས་ནས་གསུངས་པའི་བློའི་རྣམ་གཞག་དང་བྱེད་ལས་སོགས་སེམས་ཁམས་རིག་པའི་རྣམ་གཞག་ལ་དོ་སྣང་ཧ་ཅང་བྱེད་བཞིན་པའི་སྐབས་འདིར་ང་ཚོ་བོད་མི་ཚོས་གོ་སྐབས་དམ་འཛིན་གྱིས་ནང་ཆོས་ནས་གསུངས་པའི་ཚན་རིག་གི་རྣམ་གཞག་དེ་དག་དེང་དུས་ཤེས་ཡོན་ལམ་ལུགས་ནང་འཁྲིད་ཐབས་ལ་འབད་དགོས་པ་གལ་ཆེ་ཚུལ་དང་། སངས་རྒྱས་ཀྱི་བསྟན་པ་དེ་ལུང་ཙམ་ལ་མ་བསྟེན་པར་རིག་ལམ་ཐོག་ནས་འགྲེལ་བཤད་བརྒྱག་ཐུབ་ཚེ་འབྱུང་འགྱུར་དུས་རབས་མང་པོའི་རིང་སངས་རྒྱས་ཀྱི་བསྟན་པ་གནས་ཐུབ་རྒྱུ་དང་། དབང་རྟུལ་དད་པའི་རྗེས་འབྲང་ལྟར་བྱས་ཚེ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་རྒྱུ་ཁག་པོ་ཡིན་སྐོར།
དེ་སྔ་ཚན་རིག་པས་དབང་ཤེས་ལས་གཞན་པའི་ཤེས་པ་ཞིག་ཡོད་པ་ཁས་ལེན་བྱེད་ཀྱི་མེད་ཀྱང་། དུས་རབས་ ༢༠ མཇུག་ཙམ་ནས་ཚན་རིག་པ་ཚོས་ཤེས་པའི་རྣམ་གཞག་ལ་གཞི་ནས་དོ་སྣང་གསར་པ་ཞིག་སླེབས་པ་མ་ཟད། ད་ཆ་མི་འདས་གྲོངས་ཕྱིན་རྗེས་ཐུག་དམ་བཞུགས་མཁན་ཚོར་དོ་སྣང་དམིགས་བསལ་ཞིག་བྱེད་བཞིན་པ་དང་། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ཁུལ་དུ་མོ་སི་ཁོ་མཐོ་སློབ་ཀྱིས་བོད་མིའི་གཞིས་ཆགས་ཁག་དང་དགོན་པ་གྲྭ་ཚང་སོགས་སུ་མི་འདས་གྲོངས་ཕྱིན་ནས་ཐུག་དམ་བཞུགས་མཁན་ཚོར་ཉམས་ཞིབ་བྱ་རྒྱུའི་བསྟི་གནས་ལྟ་བུ་ཞིག་བཙུགས་ཡོད་པ་དང་། དེར་མགོན་པོ་མཆོག་རིང་མིན་ཕྱི་ཟླ་ ༡༢ ནང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སོགས་སུ་ཆིབས་སྒྱུར་སྐྱོང་སྐབས་བསྟི་གནས་ཁང་དེར་ཡང་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་སྐོར།
དེ་སྔ་བོད་པའི་ཆོས་ལ་བླ་མའི་ཆོས་ཟེར་ནས་ཕྱི་རྒྱལ་བ་ཚོས་མཐོང་ཆུང་ལྟ་བུ་བྱེད་སྲོལ་ཡོད་ཀྱང་ཕྱིས་སུ་བཙན་བྱོལ་བ་ཆགས་རྗེས་རིམ་བཞིན་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་དེའང་བསླབ་གསུམ་ཉམས་ལེན་ཡོད་པའི་སངས་རྒྱས་ཀྱི་ཆོས་བརྒྱུད་རྩ་ཆེན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་དང་།
ཧི་མཱ་ལ་ཡི་རི་རྒྱུད་ནུབ་ལ་དྭགས་ནས་ཤར་མོན། འབྲས་ལྗོངས་དང་བཅས་པ་ཕ་མེས་ནས་ནང་ཆོས་དང་འབྲེལ་བ་ཡོད་པ་དང་། བོད་མི་རྣམས་བཙན་བྱོལ་བ་ཆགས་རྗེས་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པའི་དུས་སྐབས་སུ་ཧི་མཱ་ལ་ཡི་རི་རྒྱུད་ཀྱི་ས་ཁུལ་དེ་དག་ནས་བོད་མི་ཚོར་བློ་གཞག་ས་ཡོད་པ་ལྟ་བུ་ཞིག་ཆགས་ཡོད་ཅིང་། བར་ལམ་ས་ཁུལ་དེ་དག་ནས་གྲྭ་རྒྱུན་ཧ་ཅང་མང་པོ་ཕེབས་བཞིན་ཡོད་པ་མ་ཟད། སོག་ཡུལ་ནས་ཀྱང་གྲྭ་རྒྱུན་བརྒྱ་ཕྲག་འགའ་ཤས་ཡོད་སྐོར། བོད་མི་ཚོ་ལུང་པ་ཤོར་ཡང་གཞི་མེད་ས་ཞིག་ལ་གཞི་གསར་པ་ཞིག་ཚུགས། གཙོ་ཆེ་ཤོས་བོད་པའི་རིག་གཞུང་དང་སྐད་ཡིག་ཡིན་ཞིང་། དེའི་ཐད་རྒྱ་གར་གྱི་སྲིད་བློན་པཎྜི་ཏ་ནེ་རུས་ Nehru ཧ་ཅང་ཐུགས་ཁུར་བསྐྱེད་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བརྟེན་བོད་མིའི་གཞིས་ཆགས་ཁག་དེ་དག་ཚུགས་ཡོད་སྐོར་བཀའ་སློབ་སྩལ་བ་མ་ཟད།
གཞིས་ལུས་བོད་མི་ཚོས་ལྷག་བསམ་རྩེ་གཅིག་དང་། དད་དམ་གཡོ་བ་མེད་པ་བྱས་ནས་བསྡད་ཡོད་པ་དེས་བོད་མི་བཙན་བྱོལ་རྣམས་ལ་སེམས་ཤུགས་སྤེལ་བ་དང་། བཙན་བྱོལ་བ་ཚོས་ཀྱང་བྱེས་སུ་སྒྲིག་འཛུགས་ངོ་བོར་བསྡད་ནས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཐོག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་བྱས་ནས་ཡོད་པ་དེས་བོད་ནང་ལ་འགྲེལ་བཤད་བྱེད་སྐབས་བོད་ནང་གི་བོད་མི་ཚོ་ཡང་སྤྲོ་སྣང་སྐྱེ་གཞིར་གྱུར་ཡོད་སྐོར་བཀའ་སློབ་སྩལ།
ཕྱོགས་མཚུངས་བོད་ནང་རང་ལུས་མེར་སྲེག་གནང་མཁན་ཚོས་བསྟན་སྲིད་མི་རིགས་སྙིང་བཅངས་ཐོག་ནས། འཛམ་གླིང་གཞན་ལ་དྲན་སྐུལ་གཏོང་ཆེད་རང་ལུས་མེར་སྲེག་བཏང་ནས་ད་ཆ་བོད་མི་རང་སྲེག་ལས་འགུལ་སྤེལ་མཁན་ ༡༥༤ བྱུང་བ་དེ་དག་ཧ་ལས་པ་ཞིག་ཡིན་པ་དང་། དེ་ཙམ་སྙིང་སྟོབས་ཡོད་མཁན་ཞིག་གིས་གཞན་ལ་འཚེ་བ་བྱེད་མ་ཐུབ་པའི་དཀའ་ངལ་གང་ཡང་མེད་ཀྱང་མི་གཞན་ལ་གནོད་པ་རྩ་བ་ནས་མ་བྱས་པར་སོ་སོ་རང་ཉིད་ལུས་པོ་མེར་སྲེག་བཏང་བ་དེ་དག་ཧ་ལས་པ་རེད་འདུག འདས་པོ་ཚོའི་ཆེད་དུ་ང་ཚོས་བདེན་ཚིག་སྨོན་ལམ་ནང་དུ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། ། ཅེས་སྨོན་ལམ་ངེས་པར་དུ་རྒྱག་དགོས་པ་དང་།
གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ཐོག་གྲོས་ཆོད་བཞག་པའི་འབྲུ་དོན་ལྟར་༸སྐུའི་ཡང་སྲིད་སྐོར་བཀའ་སློབ་སྩལ་དོན། ཡང་སྲིད་སྐོར་ལ་ཁྱེད་ཚོས་ཁུར་ཧ་ཅང་བླངས་འདུག དེ་སྔ་ཨ་རིའི་གསར་འགོད་པ་ཁག་གཅིག་དང་ཐུག་སྐབས་ཡང་སྲིད་སྐོར་སྐད་ཆ་དྲིས་བྱུང་། ངོས་ཀྱིས་མིག་ཤེལ་འདི་མར་ཕུད་ནས་ངོས་ཀྱི་གདོང་པར་ལྟོས་ཤིག ཡང་སྲིད་བྲེལ་བ་འདུག་གམ་ཞེས་དྲིས་སྐབས་མི་འདུག་ཟེར་བྱུང་། ངོས་རང་ད་ཆ་ལོ་ ༨༤ ནས་ ༨༥ སྒང་སླེབ་བཞིན་ཡོད། ལུས་པོ་བདེ་ཐག་ཆོད་ཡིན། བསམ་པའང་སྐྱིད་ཐག་ཆོད་ཡོད། གཙོ་བོ་བྱང་ཆུབ་སེམས་ཀྱི་ཐུགས་རྗེས་རེད།
བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། ཞེས་བཤད་སྐབས་སྣང་སྲིད་གཉེན་ལ་ཤར་བ་རེད།
འཇིག་རྟེན་བདེ་བ་ཇི་སྙེད་པ།
།དེ་ཀུན་གཞན་བདེ་འདོད་ལས་བྱུང༌།
།འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།
།དེ་ཀུན་བདག་བདེ་འདོད་ལས་བྱུང༌། །ཞེས་དང་། ས་སོགས་འབྱུང་བ་ཆེན་པོ་དང་།། ནམཁའ་བཞིན་དུ་རྟག་པར་ཡང་།། སེམས་ཅན་ཀུན་དོན་འགྲུབ་པའི་ཕྱིར།། རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག།
དེ་འདྲའི་སྨོན་ལམ་རྒྱག་རྒྱུ་དེའང་ཚེ་གཅིག་གི་སྐད་ཆ་མ་རེད། ཅེས་དང་། འདིར་མཚན་ཉིད་པ་མང་པོ་ཞིག་ཕེབས་ཡོད། དགེ་བཤེས་ཚོས་ཚིག་ལ་འབྱམས་ནས་རྩོད་པ་རྐྱང་རྐྱང་ཐོག་ལ་བསམ་བློ་བཏང་ནས་ཁ་ཕྱིར་བལྟས་བཤད་ཡམས་ཐོག་ནས་ཕྱིན་པ་ཡིན་ན་དེ་ཙམ་ཕན་ཐོགས་མེད་སྟབས། དགེ་བཤེས་ཟེར་དུས་ང་རྒྱལ་ཅན་ཞིག་ཏུ་སྣང་སྲིད། དེར་བརྟེན་ཁ་ནང་དུ་བལྟས་ནས་སེམས་རྒྱུད་འདུལ་ཐབས་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ། དེ་ནས་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྐུ་པར་ལྷན་སྒྲོན་མཛད་འདུག
ལྷན་ཚོགས་གྲོལ་རྗེས་ཚོགས་ཁང་གསར་པའི་ལས་གཞིའི་སྐོར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱསབ་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུ་སྐབས་མགོན་པོ་མཆོག་ཐུགས་དགྱེས་ཚོར་མཛད་པ་དང་སྦྲགས། ད་ཆ་གངས་སྐྱིད་ནང་འཛུགས་སྐྲུན་ཡར་རྒྱས་ཧ་ཅང་བྱུང་བར་བརྟེན་ངོ་མི་ཤེས་པ་ལྟ་བུ་ཞིག་ཆགས་འདུག ཅེས་འགྲེམས་སྟོན་གསར་རྒྱག་ལས་གཞི་དང་།
ལས་ཁུངས་མ་ལག་གསར་འཛུགས་བྱུང་བ་དེ་དག་ལ་བསྔགས་བརྗོད་མཛད་འདུག ཚོགས་ཁང་ཕྱི་རོལ་དུ་བོད་མི་བརྒྱ་ཕྲག་བརྒལ་བས་མཇལ་ཁ་ཞུས་པར་ཕྱག་གཡུག་མཛད་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆིབས་༸ཞལ་བསྒྱུར་ཡོད་པ་བཅས།།