ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་ཡུལ་མི་ཞིབ་བཤེར་ལས་དོན་ཚོགས་ཆུང་ UN Working Group on Enforced or Involuntary Disappearnances གིས་རྒྱ་ནག་གཞུང་ལ་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་འདྲི་ཞིབ་གནང་སྐབས། རྒྱ་ནག་གཞུང་གིས་འདོད་བློ་ཁེངས་བའི་ལན་འདེབས་བྱས་མེད་པ་རེད།
དེ་ཡང་རྒྱལ་ཚོགས་ཀྱི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་ཡུལ་མི་ཞིབ་བཤེར་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༡༩ འདི་ལོ་ཕྱི་ཟླ་ ༩ ནང་ཚོགས་པའི་སྐབས། པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་སྐོར་འདྲི་ཞིབ་གནང་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས། པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་སློབ་ཡོན་སྤྲོད་མ་དགོས་པར་སློབ་སྦྱོང་གནང་ཡོད་པ་མ་ཟད། རིན་པོ་ཆེ་མཆོག་མཐོ་སློབ་ཁང་དུ་འགྲིམས་ཡོད། ད་ལྟའི་ཆར་རིན་པོ་ཆེ་མཆོག་ལ་ཕྱག་ལས་ཐོབ་ཡོད། ཅེས་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ནང་མི་ལྷན་རྒྱས་གང་དུ་ཡོད་མེད་སོགས་ཀྱི་སྐོར་ལན་འདེབས་ཁ་གསལ་བྱས་མེད་པ་རེད།
རྒྱལ་ཚོགས་ཀྱི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་ཡུལ་མི་ཞིབ་བཤེར་ལས་དོན་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༣ ཟླ་ ༥ ནང་འདྲི་ཞིབ་གནང་སྐབས། རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་སློབ་སྦྱོང་གནང་བཞིན་ཡོད། ཅེས་ལན་འདེབས་བྱས་ཡོད། རྒྱལ་ཚོགས་ཀྱི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་ཡུལ་མི་ཞིབ་བཤེར་ལས་དོན་ཚོགས་ཆུང་གི་ཆེད་མཁས་མི་སྣས་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་སྐོར་ད་ལྟ་མུ་མཐུད་རྩད་ཞིབ་གནང་གི་ཡོད། ཅེས་གསུངས།
ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་རྒྱུན་དུ་ལྟ་ཞིབ་གནང་བཞིན་ཡོད་པ་བཅས། །