ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ཕུར་བུའི་ཉིན་གྱི་ཆུ་ཚོད་ ༡༢ ཙམ་ལ་འཁོན་རིགས་བསྟན་པའི་མངའ་བདག་སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་མགོན་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་ཚབ་སྐྱབས་རྗེ་གོ་ཤྲི་མཚུར་ཕུ་རྒྱལ་ཚབ་རིན་པོ་ཆེ་མཆོག སྔ་འགྱུར་རྙིང་མའི་བླ་ཆེན་སྐུ་ཚབ་སྤྲུལ་སྐུ་ཆོས་དར་རིན་པོ་ཆེ་མཆོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་རིན་པོ་ཆེ་མཆོག ཇོ་ནང་བསྟན་པའི་མངའ་བདག་སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རྣམ་གཉིས། ལ་དྭགས་ཁྲིག་རྩེ་དགོན་ཚུལ་ཁྲིམས་རྣམ་དག་གླིང་གི་མཁན་རིན་པོ་ཆེ་ངག་དབང་བྱམས་པ་བསྟན་འཛིན་མཆོག་སོགས་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མཇལ་འཕྲད་ཁང་དུ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་འདུག
དེ་ཡང་བླ་ཆེན་རྣམ་པ་བཀའ་ཤག་ཏུ་ཕེབས་འབྱོར་བྱུང་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་བཀའ་བློན་རྣམ་པ་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་དང་སྦྲགས་ཚོགས་ཁང་གི་བཞུགས་བྲལ་དུ་འཁོད་རྗེས་གསོལ་ཚིགས་འདེགས་འབུལ་ཞུས་འདུག
སྤྱིར་བླ་ཆེན་རྣམ་པ་བཞུགས་སྒར་དུ་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པར་ཕེབས་པ་ཞིག་ཡིན་འདུག་པ་བཅས། །