ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༩ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སུད་སི་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་མཐོ་རིམ་དབུ་ཁྲིད་མི་སྣ་དང་། དེ་བཞིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དབུ་ཁྲིད་སོགས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་སླད་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་འབྱོར་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌེ་སི་ནང་ཕེབས་འབྱོར་སྐབས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་དོན་གཅོད་ཁང་གི་ལས་བྱེད་རྣམ་པ། ཨ་རིའི་རྒྱལ་ས་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོམ་ཊི་ལིས་ Thom Tillis མཆོག་དང་ཐུག་འཕྲད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་ཐུགས་འཚབ་དང་སྦྲགས་འགྲེལ་བརྗོད་གནང་སྐབས། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོམ་ཊི་ལིས་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་དང་རྒྱ་ནག་གཞུང་གིས་བྱང་ཨེ་ཊི་ལན་ཊིག་ཆིངས་ཡིག་ཚོགས་པར་ North Atlantic Treaty Organization གནོན་ཤུགས་སྤྲོད་བཞིན་ཡོད་པ་སོགས་ཀྱི་སྐོར་ཐུགས་འཚབ་ཡོད་པ་མ་ཟད། ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ Tibet Policy and Support Act ཞེས་པའི་ཁྲིམས་འཆར་གཏན་འབེབས་ཡོང་ཆེད་རྒྱབ་སྐྱོར་གནང་རྒྱུ་ཡིན། ཞེས་གསུངས།
ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ཚོགས་ཁང་དུ་ཨ་རིའི་གྲོས་ཚོགས་གོང་མའི་ནང་གི་ལས་བྱེད་གྲངས་ ༡༥ ཙམ་དང་ལྷན་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུའི་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་དང་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ Tibet Policy and Support Act ཞེས་པའི་ཁྲིམས་འཆར་སོགས་ཀྱི་སྐོར་གསུངས། ཨ་རིའི་གྲོས་ཚོགས་གོང་མའི་ནང་གི་ལས་བྱེད་དེ་དག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་དང་ཤིན་ཅང་གི་གནད་དོན་སོགས་ཀྱི་སྐོར་དྲི་བ་བཀོད་ཡོད་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དྲི་བ་ཁག་ལ་ལན་འདེབས་ཁ་གསལ་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལྷོ་དབུས་ཨེ་ཤི་ཡའི་ལས་དོན་ཚན་པའི་དྲུང་གཞོན་ལས་རོགས་ཐོ་མ་སི་ Thomas Vajda ལགས་དང་། ལོ་ར་སི་ཊོན་ Laura stone ལགས། ལྷོ་ཨེ་ཤིའི་རྒྱ་གར་ལས་དོན་ཚན་པའི་ངེས་སྟོན་པ་གྷི་ར་ཧམ་མ་ཡར་ Graham Mayer ལགས་བཅས་དང་ཐུག་འཕྲད་གནང་ཡོད་པ་བཅས། །