༢༠༡༩ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པ་གཟབ་རྒྱས་ངང་སྐོང་ཚོགས་གནང་འདུག དེ་ཡང་ཉིན་དང་པོ་དབུ་འབྱེད་མཛད་སྒོར་འཁོན་རིགས་བསྟན་པའི་མངའ་བདག་སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་མགོན་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་ཚབ་སྐྱབས་རྗེ་གོ་ཤྲི་མཚུར་ཕུ་རྒྱལ་ཚབ་རིན་པོ་ཆེ་མཆོག སྔ་འགྱུར་རྙིང་མའི་བླ་ཆེན་སྐུ་ཚབ་སྤྲུལ་སྐུ་ཆོས་དར་རིན་པོ་ཆེ་མཆོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་རིན་པོ་ཆེ་མཆོག
སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྟག་ལུང་ཞབས་སྤྲུལ་རིན་པོ་ཆེའི་སྐུ་ཚབ་སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག ཇོ་ནང་བསྟན་པའི་མངའ་བདག་སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག མཚུངས་མེད་བླ་སྤྲུལ་ཆེ་ཁག་རྣམ་པ། ཧི་མཱ་ལ་ཡ་རི་རྒྱུད་ཀྱི་བླ་སྤྲུལ་སྐུ་ཚབ་རྣམ་པ། སྲིད་སྐྱོང་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། བཙན་བྱོལ་དུ་རྟེན་གཞི་བྱས་པའི་རིས་མེད་བོད་ཀྱི་གདན་ས་ཆེ་ཁག་གི་མཁན་རིན་པོ་ཆེ་རྣམ་པས་དབུས་མཁན་པོ་རྣམ་པ། སྣེ་འཛིན་སློབ་དཔོན། འགན་འཛིན་སྐུ་ཚབ་རྣམ་པ། རིས་མེད་བཙུན་དགོན་ཁག་གི་སྐུ་ཚབ་རྣམ་པ་བཅས་ཚང་འཛོམས་ཐོག ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དགའ་བསུའི་གསུང་བཤད་གནང་དོན།
རང་ཅག་རྒྱ་གར་འཕགས་ཡུལ་སོགས་སུ་བཙན་བྱོལ་དུ་གྱར་དགོས་བྱུང་བ་ནས་བཟུང་ད་བར་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་བཅས་པ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན། དུས་བསྟུན་བསྟན་པའི་ཞབས་འདེགས་སྒྲུབ་ཐབས་གང་དགའི་སྐོར་དགོངས་བསྡུར་སླད་བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་བསྟན་བདག་བླ་ཆེན་རྣམ་པ་དང་སྐུ་ཚབ་རྣམ་པ་བཅས་དབུ་བཞུགས་ཀྱིས་ཆོས་ཚོགས་རྒྱས་བསྡུས་ཅི་རིགས་ཐེངས་མང་ཚོགས་ཡོད་པ་དང་། ད་ལམ་གྱི་ཆོས་ཚོགས་འདི་བཞིན་གྲངས་ཀྱི་ཆ་ནས་ཆོས་ཚོགས་ཐེངས་བཅུ་བཞི་པ་ཆགས་འདུག་ཞུ་རྒྱུ་ཡིན། ཆོས་ཚོགས་ཀྱི་གྲངས་ཆའི་ཐད་ལ་གསལ་བཤད་བསྡུས་ཙམ་ཞུ་དགོས་ཆགས་འདུག
འདས་པའི་ཆོས་ཚོགས་རྣམས་ནང་ལ་ནང་ཁུལ་སོ་སོར་ངོ་བོ་ཅུང་ཟད་མི་འདྲ་བ་བཞུགས་མོལ་ཚོགས་འདུ་དང་། ཚོགས་འདུ་ཧྲག་བསྡུས། ཚོགས་འདུ་རྒྱས་འཛོམས། ཚོགས་ཆེན། དམིགས་བསལ་ལྷན་ཚོགས་བཅས་བྱུང་འདུག་པ་ནས་ཕྱི་ལོ་ ༢༠༠༨ ལོར་ཉིན་གྲངས་གཉིས་རིང་དབུ་ཁྲིད་བླ་ཆེན་དང་སྐུ་ཚབ་རྣམ་པ་བཅུ་གཉིས་ལྷན་ཚོགས་ཀྱིས་དམིགས་བསལ་ལྷན་ཚོགས་གལ་ཆེན་ཞིག་བསྐྱངས་འདུག་པ་དེ་ཆོས་ཚོགས་ཀྱི་སྤྱིའི་འགྲོའི་གྲངས་ཁོངས་སུ་མ་བརྩི་བར་ཟུར་དུ་བཞག་གནང་འདུག་ཀྱང་ལྷན་ཚོགས་དེའི་དགོས་དོན་དང་ཚོགས་མི། གྲོས་གཞི་བཅས་གང་ས་ཅི་ཐད་ནས་ཆོས་ཚོགས་གལ་གནད་ཅན་ཞིག་ཏུ་ཆགས་འདུག་པས་ཆོས་ཚོགས་སྤྱི་འགྲོའི་གྲངས་ཁོངས་སུ་འཇུག་དགོས་མཐོང་བ་ལྟར་བཅུག་པ་ལ་བརྟེན་ནས་ད་ལྟའི་ཆོས་ཚོགས་འདི་ཆོས་ཚོགས་ཐེངས་བཅུ་བཞི་པ་ཆགས་པ་ཞིག་རེད་འདུག ཅེས་ཞུ་རྒྱུ་ཡིན།
དེ་བཞིན་ད་ལམ་ཆོས་ཚོགས་ཀྱི་མཚན་བྱང་ལའང་འགྱུར་བ་ཕྲན་བུ་ཞིག་གཏོང་དགོས་བྱུང་སོང་། དེར་གཙོ་བོ་དེང་སང་གི་འགྲོ་ལུགས་སྤྱི་དང་འབྲེལ་བའི་རྒྱུ་མཚན་གནད་འགག་གཉིས་ཡོད། ཆོས་ཚོགས་སྔ་མ་ཁག་གཅིག་གི་རྗོད་ཚིག་ལྟར་བོད་ཀྱི་ཆོས་ལུགས་དང་ཆོས་བརྒྱུད་བཅས་བཀོད་ཚེ་བོད་ནས་ཚོགས་མི་གདན་ཞུ་བྱ་ཐབས་དཀའ་བས་ཅུང་ཟད་ཁྱབ་ཆེ་བའི་སྐྱོན་ཡོད་པ་ལྟ་བུ་དང་། ཡང་ཆོས་ཚོགས་ཐེངས་བརྒྱད་པ་ནས་མན་ཆད་ཀྱི་རྗོད་ཚིག་ལྟར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཞེས་བཀོད་ཚེ་གོང་གི་ཁྱབ་ཆེ་བའི་སྐྱོན་ཡོད་མུས་ཐོག བོད་ཀྱི་ཆོས་བརྒྱུད་གཞན་ཁག་གཅིག་ལ་མི་ཁྱབ་པའི་སྐྱོན་ཆ་ཡོད་པར་བརྟེན། བཙན་བྱོལ་བོད་མིའི་ཆོས་ཚོགས་ཞེས་བཀོད་ན་གོང་གི་སྐྱོན་ཆ་དེ་གཉིས་ཡོང་གཞི་ཆུང་བའི་སྒང་ལ་རང་རེའི་དངོས་ཡོད་གནས་སྟངས་དང་འཚམས་པས་མཚན་བྱང་འགྱུར་བཀོད་བྱས་པ་ཞིག་ཡིན་ཞེས་གསལ་བཤད་བཤད་ཞུ་རྒྱུ་ཡིན། ཞེས་སོགས་གསུངས།
སྤྱིར་ཐེངས་འདིར་ཆོས་ཚོགས་སུ་མགྲོན་འབོད་ཞུས་པ་སྔ་འགྱུར་རྙིང་མའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་ ༢༦ དང་། བཀའ་བརྒྱུད་པའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་ ༢༤ ས་སྐྱའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་ ༢༢ དགེ་ལུགས་པའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་ ༣༠ གཡུང་དྲུང་བོན་གྱི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་ ༡༡ རྒྱལ་བ་ཇོ་ནང་པའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་ ༤ བོ་དོང་དང་བུ་ལུགས། ཞི་བྱེད་པ་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་རེ་རེ་བརྩིས་གྲངས་ ༣ རིས་མེད་དགོན་སྡེའི་སྐུ་ཚབ་གྲངས་ ༡ བཙུན་དགོན་ཁག་བཅུ་གཉིས་ནས་སྐུ་ཚབ་བཙུན་མ་གྲངས་ ༡༦ ཧི་མཱ་ལ་ཡི་རི་རྒྱུད་ནས་བླ་སྤྲུལ་དང་སྐུ་ཚབ་གྲངས་ ༡༢ དེ་བཞིན་དམིགས་བསལ་ཚོགས་བཅར་བ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་མཛད་གཙོ། ལས་ཟུར་གྲངས་ ༡༧ བཅས་ཁྱོན་བསྡོམས་བླ་སྤྲུལ་སྐུ་ཚབ་ཚོགས་མི་ ༡༦༦ མགྲོན་འབོད་ཞུས་ཡོད་འདུག་ཀྱང་དངོས་སུ་ཚོགས་བཅར་གནང་མཁན། སྔ་འགྱུར་རྙིང་མའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་ ༡༡ བཀའ་བརྒྱུད་པའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་ ༡༤ ས་སྐྱའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་ ༡༣ དགེ་ལུགས་པའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་༢༨ གཡུང་དྲུང་བོན་གྱི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་ ༦ རྒྱལ་བ་ཇོ་ནང་པའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་ ༤ བོ་དོང་དང་བུ་ལུགས། ཞི་བྱེད་པ་བཅས་ཀྱི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་ ༣ རིས་མེད་དགོན་སྡེའི་སྐུ་ཚབ་གྲངས་ ༡ བཙུན་དགོན་ཁག་བཅུ་གཉིས་ནས་སྐུ་ཚབ་བཙུན་མ་གྲངས་ ༡༤ ཧི་མཱ་ལ་ཡི་རི་རྒྱུད་ནས་བླ་སྤྲུལ་དང་སྐུ་ཚབ་གྲངས་ ༨ དམིགས་བསལ་ཚོགས་བཅར་བ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་མཛད་གཙོ། ལས་ཟུར་གྲངས་ ༡༣ བཅས་ཁྱོན་བླ་སྤྲུལ་སྐུ་ཚབ་ཚོགས་མི་གྲངས་ ༡༡༧ དངོས་སུ་ཕེབས་ཐུབ་པ་བྱུང་འདུག
སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་ཆོས་ཚོགས་སྔ་མ་ནས་ད་ལྟའི་ཆོས་ཚོགས་བར་བསྟན་བདག་དབུ་ཁྲིད་བླ་ཆེན་དགོངས་པ་གཞན་དོན་དུ་གཤེགས་པ་མཁན་ཁག་གཅིག་སྟེ། ༢༠༡༥ ཟླ་ ༡༢ ནང་སྔ་འགྱུར་རྙིང་མའི་དབུ་ཁྲིད་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ་དང་། ༢༠༡༧ ཟླ་ ༤ ནང་དགའ་ལྡན་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ། ༢༠༡༧ ཟླ་ ༩ ནང་སྨན་རི་ཁྲི་འཛིན་ ༣༣ ལུང་རྟོགས་བསྟན་པའི་ཉི་མ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ་དང་། ན་ནིང་ ༢༠༡༨ ཟླ་ ༡༡ ནང་སྔ་འགྱུར་རྙིང་མའི་དབུ་ཁྲིད་ཁྲི་ཐོག་བདུན་པ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པའི་རྒྱལ་མཚན་མཆོག་དགོངས་པ་གཞན་དོན་དུ་གཤེགས་པར་བརྟེན། ཁོང་རྣམ་པའི་བསྟན་དང་འགྲོ་བའི་མཛད་པ་གང་དང་གང་བྱུང་བ་དེ་དག་ལ་བཀའ་དྲིན་རྗེས་དྲན་ཞུས་རྗེས་སྲིད་སྐྱོང་མཆོག་གིས་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་བསྟན་བདག་བླ་ཆེན་རྣམ་པས་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་འདུག
སྔ་དྲོ་གསོལ་ཇའི་བར་གསེང་རྗེས་ཚོགས་ཆུང་བཞི་ལ་ཆ་བགོས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐད་གོ་བསྡུར་གནང་རྒྱུ་དང་། ཕྱེད་ཡོལ་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་འཆར་ཡོད་པ་བཅས།།