ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༩ ཐོག་བཞུགས་སྒར་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་ཉིན་གྲངས་གསུམ་རིང་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད་གནང་དོན། རྣམ་པ་ཚོས་དེ་རིང་འདིར་བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོགས་གལ་ཆེའི་ཐོག་ཕེབས་ནས་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པར་བྱས་ཡོད། དེར་བརྟེན་ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་མིའི་འཐབ་རྩོད་ནི་བདེན་པའི་འཐབ་རྩོད་ཅིག་ཡིན་སྟབས། ཁྱེད་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེ་བདེན་པ་དང་འཚེ་བ་མེད་པར་རྒྱབ་སྐྱོར་གནང་བ་ཞིག་མཚོན། བོད་མིའི་རང་དབང་ཤོར་ནས་ལོ་ངོ་ ༦༠ སོང་ཡང་རྣམ་པ་ཚོའི་ང་ཚོར་མུ་མཐུད་རྒྱབ་སྐྱོར་གནང་བ་དེས་ང་ཚོའི་སྙིང་སྟོབས་དང་ཆོད་སེམས་རྒྱུན་དུ་གསོན་གནས་ཐུབ་རྒྱུར་ཕན་ཐོགས་ཧ་ཅང་འདུག ཐོག་མ་ང་ཚོ་བཙན་བྱོལ་དུ་འབྱོར་མཚམས་བོད་དོན་ཐོག་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་དེ་ཙམ་མེད། འོན་ཀྱང་ཕྱི་ལོ་ ༡༩༨༠ ལོ་མཇུག་ཙས་ནས་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཇེ་ཆེར་ཕྱིན་ཡོད། དེར་བརྟེན་ཕྱི་ལོ་ ༡༩༩༠ ལོར་བཞུགས་སྒར་རྡ་རམ་ས་ལར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཆེས་ཐོག་མ་དེ་ཚོགས་པ་རེད། ད་ཆ་ང་ཚོར་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༢༥༠ ལྷག་ཡོད། ཅེས་གསུངས།
དེ་བཞིན་དཔལ་ལྡན་ཚོགས་གཙོ་མཆོག་གིས། ཕྱི་ལོ་ ༡༩༧༠ ལོ་མགོ་ཙམ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་གནས་བབ་དང་བསྟུན། བོད་རང་བཙན་མ་རྩོད་པར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་མཛད་པའི་མཛད་བཟང་རྒྱུན་སྐྱོང་མཛད་འབྲས་སུ་བོད་རྒྱ་འབྲེལ་མོལ་ཐེངས་མང་བྱུང་ཐུབ་པ་དང་།
ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་དབུ་མའི་ལམ་གྱི་སྲིད་བྱུས་དེར་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་སྤྱི་མོས་གཏན་འབེབས་གནང་བ་མ་ཟད། སླར་ཡང་ཕྱི་ལོ་ ༢༠༠༨ ལོར་རྡ་སར་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་ལ་མང་མོས་རྒྱབ་སྐྱོར་བྱུང་རྗེས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་མོས་གཏན་ལ་ཕབ་ཡོད་པ། ཕྱི་ལོ་ ༢༠༠༢ ནས་ད་བར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བྱུང་ཡོད་པ་དང་།
ཕྱི་ལོ་ ༢༠༡༠ ནས་ད་བར་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་མ་བྱུང་བ་དང་། བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱིས་རྒྱ་ནག་སྐུ་ཚབ་ཚོར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཕུལ་ཡོད་ཀྱང་ཕྱི་ལོ་ ༢༠༡༠ ནས་ད་བར་རྒྱ་ནག་གཞུང་ཕྱོགས་ནས་ཡ་ལན་རྩ་བ་ནས་མ་བྱས་སྟབས། རྒྱལ་སྤྱིའི་ཁྱོན་དུ་གནས་པའི་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱལ་ཁབ་སོ་སོའི་སྲིད་གཞུང་བརྒྱུད་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གང་ཐུབ་ཡོང་ཐབས་ཆེད་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུས།
ལྷག་པར་ཉེ་ཆར་ཏེ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་ཐོག་འབྱུང་འགྱུར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་བདག་དབང་ཡོངས་རྫོགས་དགའ་ལྡན་ཕོ་བྲང་ཐེབས་རྩའི་དབང་ལྡན་འགན་འཛིན་ལ་ཡོད་པ་ལས་རྒྱལ་ཁབ་བྱེ་བྲག་པ་དང་སྲིད་གཞུང་། དེ་བཞིན་ཚོགས་པ་གཞན་སུ་གང་དང་། གང་ཟག་སྒེར་སུ་ཞིག་ལའང་ཐེ་བྱུས་ཞུ་རྒྱུའི་བདག་དབང་རྩ་བ་ནས་མེད་པའི་གྲོས་ཆོད་བཞག་ཡོད་སྐོར་སོགས་གསུངས། །