ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ རེས་གཟའ་ལྷག་པ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་ནང་བོད་དང་ཆེན་པོ་ཧོར་གྱི་ཡུལ་གྲུ་གཉིས་དབར་ལོ་རྒྱུས་ཁྲོད་ཆོས་དང་རིག་གཞུང་གི་འབྲེལ་བའི་སྐོར་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དང་དྲིལ་བསྒྲགས་དྲུང་ཆེ་གཅིག་ལྕོགས་ཨརྱ་ཚེ་དབང་རྒྱལ་པོ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས། རུ་སོག་ཆེ་བསྟོད་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ། ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་རིང་ལགས། ཕྱི་སོག་དང་ནང་སོག་ནས་ཕེབས་པའི་མཁས་དབང་རྣམ་པ། བོད་མི་མང་སྤྱི་འཐུས་ཁག་གཅིག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ། ཟུར་ཉན་པ་སོགས་ཁྱོན་མི་གྲངས་ ༤༠ ཙམ་ལྷན་འཛོམས་ཀྱིས་ཐོག་མར བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་དོན།
རྣམ་པ་ཚོ་ས་ཐག་རིང་པོ་ནས་འདིར་ཕེབས་ཏེ་ཉིན་གྲངས་གསུང་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དུ་བཅར་བ་རེད། རྣམ་པ་ཚོས་བོད་ཀྱི་གནད་དོན་ཐོག་དོ་སྣང་ཆེན་པོས་བོད་དོན་བདེན་མཐའ་གསལ་ཐབས་སླད་ཐུགས་འཁུར་ཆེ་བཞེས་ཀྱིས་འབད་བརྩོན་གནང་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། ཐེངས་འདིར་རྣམ་པ་ཚོས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དུ་བཅར་བ་མ་ཟད། འདིར་སྐབས་སུ་བབ་པ་བགྲོ་གླེང་ཚོགས་འདུར་ཕེབས་པར་ཧ་ཅང་དགའ་པོ་བྱུང་།
ཚོགས་ཆེན་ཐོག་རྣམ་པ་ཚོས། ཐེ་ཝན་དང་ཉི་ཧོང་དོན་གཅོད་ལ་འབྲེལ་བ་ཞུས་ཏེ་བོད་སོག་གཉིས་དབར་བགྲོ་གླེང་གི་ཚོགས་འདུའི་རིགས་བྱུང་བ་ཡིན་ན་ཡག་པོ་འདུག ཅེས་དགོངས་འཆར་ཞུས་འདུག ཧ་ཅང་ཡག་པོ་རེད། བོད་པའི་ངོས་ནས་ད་ལྟའི་བགྲོ་གླེང་ཚོགས་འདུ་འདི་ཧ་ཅང་གལ་ཆེན་པོར་རྩི་བཞིན་ཡོད། བོད་དང་སོག་པོའི་དབར་གྱི་འབྲེལ་བ་དེ་དུས་ཡུན་རིང་པོའི་འབྲེལ་བ་ཧ་ཅང་གཏིང་ཟབ་ཅིག་ཡིན། འབྲེལ་བ་དེ་སྤྱིར་བཏང་ཙམ་མིན་པར་ལོ་རྒྱུས་ཐོག་ནས་བལྟས་པ་ཡིན་ན་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་ཡོད། གང་ཡིན་བརྗོད་ན་བོད་སོག་གཉིས་དབར་གྱི་འབྲེལ་བ་དེ་མཆོད་ཡོན་གྱི་འབྲེལ་བ་རེད།
ལྷག་པར་ལྷོ་སོག་དང་བོད་གཉིས་ད་ལྟ་རྒྱ་ནག་དམར་པོའི་དབང་སྒྱུར་འོག་ཚུད་ནས་དཀའ་སྡུག་མྱོང་བཞིན་པ་རེད། དེར་བརྟེན་ང་ཚོས་མཉམ་རུབ་ཐོག་ནས་ལས་འགུལ་སྤེལ་དགོས་པ་མང་པོ་ཞིག་ཆགས་འདུག ང་ཚོའི་ལོ་རྒྱུས་ང་ཚོས་བདག་པོ་མ་བརྒྱབ་ན། ད་ལྟའི་ཆར་གནས་སྟངས་ག་འདྲ་ཞིག་ཆགས་ཡོད་ཅེ་ན། རྒྱ་ནག་ཕྱོགས་ནས་ཤིན་ཧྭ་དང་གོ་ལའི་དུས་བབ། དབུས་བརྙན་འཕྲིན་ཁང་སོགས་བརྒྱུད་བོད་དང་སོག་པོ་དེ་ཡོན་རྒྱལ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་བསྒྲགས་གཏམ་རྟག་པར་སྤེལ་གྱི་ཡོད།
བསྒྲགས་གཏམ་དེ་རྫུན་མ་ཡིན་པ་ཤེས་བཞིན་དུ་ཤུགས་ཆེན་པོ་སྤེལ་དགོས་དོན་གང་རེད་ཟེར་ན། ད་ལྟ་ཕྱི་སོག་དང་བོད་པ་གཉིས་ནས་རྒྱ་ནག་ལ་གདོང་ལེན་ཤུགས་ཆེན་པོ་བྱེད་མ་ཐུབ་པའི་རྐྱེན་གྱི་རེད། རྒྱའི་ཆབ་སྲིད་ཐོག་ནས་བལྟས་པ་ཡིན་ན་ཁོ་ཚོས་ལོ་རྒྱུས་ཀྱི་འཁྱོག་བཤད་དེ་འདྲ་མང་པོ་ཞིག་བཏོན་དང་འདོན་མུས་རེད། རྒྱ་ནག་གིས་བཤད་བཞིན་པའི་ཡོན་རྒྱལ་རབས་དེ་སོག་པོའི་རྒྱལ་རབས་ཆགས་ཀྱི་ཡོད་པ་ལས་རྒྱ་ནག་གི་རྒྱལ་རབས་ཆགས་ཀྱི་མེད། དེར་བརྟེན་རྒྱ་ནག་གིས་ཡོན་རྒྱལ་རབས་དེ་ཁོ་ཚོའི་ཡིན་ཞེས་བརྗོད་དེ་བོད་དང་སོག་པོ་གཉིས་ཡོན་རྒྱལ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་དེར། ང་ཚོས་ལོ་རྒྱུས་ཐོག་ནས་གསལ་བཤད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་འདྲའི་རིགས་ལ་མཁས་དབང་ཁག་གིས་དོ་སྣང་གནང་དགོས། ཉེ་ཆར་རྒྱ་ནག་གིས་ལོ་རྒྱུས་ཐོག་འཁྱོག་བཤད་བྱས་ནས་བོད་དང་སོག་པོ་དབར་གྱི་འབྲེལ་བའི་ལོ་རྒྱུས་དེབ་ཕྲེང་ ༡༢ བཏོན་ཡོད་པའི་ནང་བོད་དང་སོག་པོ་གཉིས་སྔ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་བཀོད་ཡོད། དེ་དག་ཚང་མ་འཁྱོད་བཤད་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། བོད་སོག་དབར་གྱི་ལོ་རྒྱུས་དང་། མི་རིགས། ཆོས་དང་རིག་གཞུང་བཅས་གཅིག་པ་ཡིན་པ་མ་ཟད། སྐད་ཡིག་གི་ཆ་ནས་ཀྱང་འབྲེལ་བ་ཧ་ཅང་ཤུགས་ཆེ་ཡོད་པའི་མི་རིགས་ཆགས་ཀྱི་ཡོད། དེར་བརྟེན་དེ་རིང་གཞུང་འབྲེལ་ཐོག་ནས་མཉམ་འཛོམས་བྱུང་བའི་ཐོག་དགོངས་ཚུལ་གསུང་རྒྱུ་དང་། ཕན་ཚུན་བསམ་ཚུལ་བརྗེ་ལེན་གནང་རྒྱུ། དེ་བཞིན་མ་འོངས་ཕྱག་ལས་གནང་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་ཡག་པོ་རེད། གོ་སྒྲིག་གནང་མཁན་ཡོངས་ལ་འཚམས་འདྲི་དང་བསྔགས་བརྗོད་ཡོད།
སྤྱིར་བོད་པ་དང་། སོག་པོ། ཡུ་གུར་མི་རིགས་ཀྱི་ཚོགས་འདུ་ཁག་འགའ་ཤས་ནང་མཉམ་ཞུགས་བྱས་མྱོངས། དེར་བརྟེན་བོད་པ་དང་། སོག་པོ། ཡུ་གུར་མི་རིགས་བཅས་སུས་བཤད་པ་ཡིན་ནའང་མིག་བཙུམས་ནས་ཉན་སྐབས་ང་ཚོའི་ལོ་རྒྱུས་ཧ་ཅང་འདྲ་བོ་ཡོད། ལྷག་པར་ནང་སོག་དང་ང་ཚོའི་ལོ་རྒྱུས་ཧ་ཅང་འདྲ་བོ་ཡོད། རྒྱ་ནག་གུང་ཁྲན་ཏང་གིས་སྡུག་པོ་དང་གཏོར་བཤིག་གཏོང་སྟངས་ཧ་ཅང་འདྲ་བོ་ཡོད། ཉེ་བའི་ལོ་རྒྱུས་ལ་བལྟས་པ་ཡིན་ན་བོད་ཀྱི་གནས་སྟངས་ནི་ཡིད་སྐྱོ་བའི་གནས་སྟངས་ཆགས་ཡོད། རྒྱ་ནག་གཞུང་ནས་བོད་ནི་རྒྱ་སྡེར་བསྒྱུར་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། བོད་མི་རྒྱ་རིགས་སུ་བསྒྱུར་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། དེ་བཞིན་རྒྱ་ནག་གཞུང་ནས་ནང་སོག་དེ་རྒྱ་སྡེར་བསྒྱུར་རྒྱུ་དང་སོག་རིགས་རྣམས་རྒྱ་རིགས་ལ་བསྒྱུར་རྒྱུའི་འབད་བརྩོན་བྱེད་བཞིན་པ་གཅིག་མཚུངས་རེད།
འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ནས་ཆ་བཞག་པ་ཡིན་ནའང་བོད་དང་ནང་སོག་གི་གནས་སྟངས་ཧ་ཅང་འདྲ་བོ་ཡོད། འོན་ཀྱང་བོད་ཀྱི་གནས་སྟངས་སྐོར་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་ཆགས་ཡོད། བོད་ཀྱི་གནས་སྟངས་སྐོར་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་ནི་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛམ་གླིང་ཡོངས་ལ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དང་། མགོན་པོ་གང་ཉིད་མཆོག་གི་མཛད་འཕྲིན་དང་མཚན་སྙན་གྲགས། ༸སྐུའི་གཟི་བརྗིད་སོགས་ལ་བརྟེན་ནས་ཁྱབ་བཞིན་ཡོད། ཡིན་ནའང་ད་ལྟའི་ཆར་སོག་པོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་ཇི་ཙམ་བཏང་བའི་སྐོར་འཛམ་གླིང་ཕྱི་ལ་དེ་ཙམ་ཁྱབ་ཐུབ་པ་བྱུང་མེད།
བོད་ཀྱི་གནས་སྟངས་སྐོར་ལོ་ངོ་ ༦༠ རིང་དང་། ལྷག་པར་འདས་པའི་ལོ་ངོ་ ༣༠ ནང་རྒྱལ་སྤྱིའི་ནང་ཧ་ཅང་གོ་རྟོགས་སྤེལ་ཐུབ་པ་མ་ཟད། རྒྱབ་སྐྱོར་ཧ་ཅང་ཤུགས་ཆེ་ཐོབ་ཐུབ་པ་བྱུང་ཡོད། ཉེ་ཆར་ནས་ཤར་ཏུར་ཀི་སི་ཐན་གྱི་གནས་སྟངས་སྐོར་རྒྱལ་སྤྱིའི་ཐོག་ཧ་ཅང་ཤུགས་ཆེ་ཁྱབ་ཡོད། འོན་ཀྱང་ནང་སོག་གི་གནས་སྟངས་སྐོར་ད་དུང་ཡིན་ནའང་དེ་ཙམ་ཁྱབ་ཐུབ་མེད་ཀྱང་ངའི་བསམ་པར་སྔ་ཕྱི་མ་གཏོགས་ནང་སོག་གི་གནས་སྟངས་སྐོར་ཏན་ཏན་ཁྱབ་ཐུབ་པ་ཡོང་གི་རེད་བསམ་གྱི་འདུག གང་ཡིན་ཞེ་ན། རྒྱལ་སྤྱིའི་སྡིངས་ཆའི་སྟེང་སླེབ་ཐུབ་མ་ཐུབ་ཙམ་ལས་བོད་པ་དང་སོག་པོ། ཡུ་གུར་བཅས་ཀྱི་གནས་སྟངས་གཅིག་པ་རེད། རྒྱལ་སྤྱིའི་སྡིངས་ཆའི་སྟེང་སླེབ་པའི་སྐབས་གྲ་སྒྲིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གྲ་སྒྲིག་མེད་པ་ཡིན་ན་གོ་སྐབས་འཛིན་ཐུབ་ཀྱི་མ་རེད།
དཔེར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་བོད་ནང་འབྲོག་པ་ས་ཡ་གཅིག་ཙམ་བཙན་དབང་གི་སྒོ་ནས་རང་དབང་མེད་པར་གནས་སྤོས་བྱས་པ་དང༌། འགྲོ་བ་མིའི་ཐོབ་ཐང་རང་ཆས་སུ་ཡོད་པ་དེ་དག་མེད་པ་བཟོ་གི་འདུག་ཅེས་སྙན་ཐོ་བཏོན་ཡོད། སོག་པོའི་སྐོར་དེབ་བཏོན་པ་ཞིག་ངས་ད་བར་མཐོང་མ་བྱུང་། འོན་ཀྱང་བོད་དོན་སྐོར་དེབ་འདོན་སྤེལ་གནང་བ་ནང་བཞིན་མེད། དངོས་འབྲེལ་བྱས་ན་བོད་པའི་འབྲོག་པའི་གནས་སྟངས་དང་སོག་པོའི་འབྲོག་པའི་གནས་སྟངས་གཉིས་བསྡུར་ན་སོག་པོའི་འབྲོག་པའི་གནས་སྟངས་ཐབས་སྡུག་པ་དང་འབྲོག་པ་ཚོས་དཀའ་སྡུག་མང་བ་མྱངས་ཡོད།
སོག་པོའི་འཐབ་རྩོད་པ་ཞིག་གིས་རྒྱ་ནག་གཞུང་གི་གཏེར་ཁ་བསྔོག་འདོན་བྱེད་མཁན་སྣུམ་འཁོར་མང་པོ་ཞིག་གི་མདུན་དུ་ལངས་ནས་ངོ་རྒོལ་བྱེད་སྐབས་ཁོང་གི་སྟེང་སྣུམ་འཁོར་བཏང་ནས་དེ་མུར་དམར་གསོད་བཏང་བ་རེད། འདི་ལྟ་བུའི་གནས་ཚུལ་ནི་འབྲོག་པའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་རྒྱལ་སྤྱིའི་གནས་ཚུལ་ཆེན་པོ་ཞིག་ཆགས་དགོས་ཀྱང་དེ་ལྟར་ཆགས་མ་ཐུབ་པ་ནི། ནང་ཚགས་བྱས་ནས་ཞུས་པ་ཡིན་ན། ང་ཚོའི་ངོས་ནས་གྲ་སྒྲིག་ཨང་གསར་མེད་པ་ལ་བརྟེན་ནས་བྱུང་བ་རེད།
ཉིན་ཤས་གོང་རྒྱལ་སྤྱིའི་ནང་གནས་ཚུལ་ཆེ་ཤོས་གང་ཐོན་འདུག་ཅེ་ན། གྲོང་གསེབ་ཁག་ཏུ་ཡོད་པའི་ཡུ་གུར་ནང་མིའི་ནང་རྒྱ་ནག་གཞུང་གི་ལས་བྱེད་ཧན་མི་རིགས་ས་ཡ་གཅིག་ཙམ་བཏང་ནས་ཡུ་གུར་ཁ་ཆེའི་འགྲོ་སྟངས་དང་། སྲོལ་རྒྱུན་རིག་གཞུང་། ཆོས་ཀྱི་ཐོབ་ཐང་བཅས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་རྒྱལ་སྤྱིའི་ནང་གནས་ཚུལ་ཤུགས་ཆེ་ཐོན་བཞིན་འདུག སོག་པོ་ལའང་དེ་ལྟར་བྱུང་ཡོད།
སྤྱིར་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་གདུག་རྩུབ་བཏང་བའི་གནས་ཚུལ་ཕྱི་ལ་ཐོན་པ་ཡག་པོ་རེད། འོན་ཀྱང་ད་ལྟའི་སོག་པོའི་གནས་སྟངས་གཅིག་པ་ཡིན་ནའང་ཕྱི་ལ་ཐོན་ཐུབ་མེད། ཅེས་སོགས་ཀྱི་གསུང་བཤད་གནང་། །