ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༩ ཟླ་ ༡༡ ཚེས་ ༤ ནས་ ༨ བར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༣༢ དེ་བཞིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚོགས་ཁང་དུ་བསྐོང་ཚོགས་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་གསོ་རིག་ལྷན་ཚོགས་ཀྱི་སྐབས་དྲུག་པའི་ཚོགས་མི་༸རྒྱལ་བའི་བླ་ཞབས་པ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་གཙོས་ཚོགས་གཙོ་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་དྲུང་ཆེ་སྨན་རམས་པ་ངག་དབང་སྦྱིན་པ་ལགས། ཚོགས་མི་སྨན་པ་ཐོགས་མེད་ལགས་དང་སྨན་པ་བྱམས་པ་མཁས་གྲུབ་ལགས། འཕྲོད་བསྟེན་ལས་ཁུངས་ནས་དམིགས་འཛུགས་བསྐོ་གཞག་གནང་བའི་ཕྱི་ལུགས་སྨན་པ་བསྟན་འཛིན་ནོར་བཟང་ལགས། དེ་བཞིན་བོད་མི་མ་ཡིན་པའི་སྐུ་ཚབ་ཚོགས་མི་སྨན་པ་རིག་འཛིན་དོན་གྲུབ་ལགས་དང་སྨན་པ་ཚེ་རིང་རྡོ་རྗེ་ལགས་བཅས་ཚོགས་འདུར་མཉམ་ཞུགས་གནང་ཡོད།
ཚོགས་འདུ་ཉིན་ཐ་མ་ཕྱི་ཚེས་ ༨ ཉིན་རྒྱབ་ཆུ་ཚོད་ ༣ ཐོག་ཚོགས་མི་རྣམས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་མཇལ་འཕྲད་ཞུས་ཤིང་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྐབས་དྲུག་པའི་ཚོགས་མི་གསར་འདེམས་བྱུང་བ་རྣམས་ལ་འཚམས་འདྲིའི་མཇལ་དར་གནང་བ་དང་། དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དོན་དང་སྡེ་ཚན་ཁག་བཅས་ངོ་སྤྲོད་གནང་ཡོད།།