ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་དགུ་པ་དབུ་འཛུགས་གནང་ཡོད།
དེ་རིང་ཞོགས་པ་སྦྱོང་བརྡར་གྱི་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་ཚུགས་པའི་ཐོག ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྤྱི་དང་། ཁྲིམས་ལུགས་དབང་འཛིན་གྱི་གལ་གནད། སྦྱོང་བརྡར་གྱི་དགོས་དམིགས་བཅས་ངོ་སྤྲོད་གསུང་བཤད་གནང་ཡོད་པ་དང་། ཁྲིམས་ཞིབ་པ་ངག་དབང་རབ་རྒྱལ་མཆོག་དང་། ཁྲིམས་ཞིབ་པ་ཀརྨ་དགྲ་འདུལ་མཆོག་བཅས་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོ་གྲུབ་མཚམས་སྦྱོང་བརྡར་གྱི་ལས་རིམ་དབུ་འཛུགས་གནང་ཡོད།
ཁྲིམས་ལུགས་སྦྱོང་བརྡར་འདིའི་སློབ་ཚན་གཙོ་བོ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ཡིན་པ་དང་། སློབ་ཁྲིད་གནང་མཁན་དུ་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་གཞན་གཉིས་ཀྱི་ཐོག ཁྲིམས་ཞིབ་པ་ཆེ་བ་ཟུར་པ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག་དང་། སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས། ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ལས་རིན་ཆེན་བཟང་མོ་ལགས་བཅས་ཡིན་པ་དང་། སྦྱོང་བརྡར་དུ་མཉམ་ཞུགས་གནང་མཁན་ཁོངས་ཁྲིམས་ལུགས་རིག་པ་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་གི་ལས་བྱེད། ཁྲིམས་ཞིབ་ཁང་གི་ལས་བྱེད་བཅས་སློབ་གཉེར་བ་གྲངས་ ༢༢ ཙམ་ཡོད།
སྦྱོང་བརྡར་འདི་དེ་རིང་ཕྱི་ཚེས་ ༢༥ ནས་ཕྱི་ཟླ་ ༡༢ ཚེས་ ༥ བར་ཉིན་གྲངས་ ༡༠ རིང་ཚུགས་འཆར་ཡོད་པ་རེད། །