ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་དབྱངས་ཅན་དགའ་ཚལ་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད།
དེ་ཡང་གོང་ཚེས་འཚམས་གཟིགས་སྐབས་བཀའ་བློན་མཆོག་གིས་མང་ཚོགས་ལ་ལྔ་དང་ལྔ་བཅུའི་འཆར་སྣང་གི་ཚོགས་འདུའི་སྐོར་དང་། དེ་དག་གི་གྲུབ་འབྲས། དེ་བཞིན་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་སྐོར་སོགས་ཀྱི་ཐད་གོ་རྟོགས་གཏམ་བཤད་གནང་བ་་མ་ཟད། ལྷག་པར་བོད་མི་ཚོས་བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ནམ་ཡང་མ་བརྗེད་པ་བྱེད་དགོས་པ་དང་། བོད་ཕྲུག་ཚོར་སློབ་སྦྱོང་ཚད་ལྡན་ཞིག་གནང་སྟེ། ཆེད་ལས་པ་གང་མང་གསོ་སྐྱོང་གནང་དགོས་སྐོར་སོགསཀྱི་་གསུང་བཤད་གནང་རྗེས་ས་གནས་ཀྱི་ལས་གཞི་དང་། དགོན་སྡེ་དང་རྒས་གསོ་ཁང་བཅས་སུ་གཟིགས་ཞིབ་སྐོར་སྐྱོད་གནང་འདུག
དེ་ཉིན་ཧི་མཱ་ཅལ་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ VC Pharka མཆོག་གི་གོ་སྒྲིག་གནང་བའི་ཕེབས་སྐྱེལ་གསོལ་སྟོན་ཞིག་ལ་ནང་སྲིད་བཀའ་བློན་མཆོག་དང་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་དང་། དེ་བཞིན་སིམ་ལ་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་ལས་རྣམ་པ་ལྷན་ཞུགས་གནང་འདུག་པ་བཅས། །