ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༤ ཉིན་སུད་སིའི་གྲོས་ཚོགས་ཁང་དུ་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་པི་རི་སི་ཁ་ Prisca Birrer Heimo མཆོག་དང་ལྕམ་སྐུ་མར་ཊི་ན་ Martina Munz མཆོག་རྣམ་གཉིས་དང་ཐུག་འཕྲད་ཀྱིས་རྒྱ་ནག་གི་དྲག་གནོན་སྲིད་བྱུས་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་ཤུགས་ཆེ་གནང་ཡོད་པ་མ་ཟད། བོད་དོན་ཐད་རྒྱབ་སྐྱོར་མུ་མཐུད་གནང་དགོས་པའི་འབོད་སྐུལ་ཡང་ཞུས་གནང་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུད་སི་རྒྱལ་ས་བྷན་ Bern ནང་དུ་སུད་སིའི་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་དང་སུད་སིའི་གཞུང་གི་གནད་ཡོད་མི་སྣ་ཁག་གཅིག་དང་ཐུག་འཕྲད་གནང་སྟེ་བོད་ཀྱི་ཐུན་མོང་མ་ཡིན་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བདག་དབང་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུད་སིའི་འཇར་མན་སྐད་དུ་རྒྱང་སྲིང་གནང་བཞིན་པའི་རླུང་འཕྲིན་དང་བརྙན་འཕྲིན་གྲགས་ཅན་ Swiss Radio and Television གྱི་བཅར་འདྲི་དང་ལེན་གྱིས་སུད་སིའི་ནང་ཕེབས་པའི་དགོས་དམིགས་སོགས་ཀྱི་སྐོར་གསུང་།
གཞན་ཡང་སུད་སིའི་ཛུ་རིག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་སུད་སིའི་ཉིན་རེའི་ཚགས་པར་གྲགས་ཅན་ Neue Zürcher Zeitung ཞེས་པའི་ཨ་ཤི་ཡའི་སྡེ་ཚན་གྱི་རྩོམ་སྒྲིག་པ་སྐུ་ཞབས་པ་ཊི་རི་ཀི་ཛོལ་ Patrick Zoll ལགས་ཀྱི་བཅར་འདྲི་དང་ལེན་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ཊི་རི་ཀི་ཛོལ་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བོད་རྒྱ་གྲོས་མོལ་སྐོར་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། རང་ལུས་མེར་སྲེག བོད་མཐོ་སྒང་གི་ཁོར་ཡུག འབྱུང་འགྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་སོགས་ཀྱི་གནད་དོན་སྐོར་བཅར་འདྲི་གནང་སྐབས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དྲི་བ་རེ་རེར་ལན་འདེབས་ཁ་གསལ་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། སུད་སིའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཐོ་མ་སི་ Thomas Buchli ལགས། སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ལགས་སོགས་ལྷན་བཅར་གནང་ཡོད་པ་བཅས། །