ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ ཉིན་གྱི་སྔ་དྲོ་བཀའ་ཤག་མཇལ་འཕྲད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཛུ་ཀར་བྷར་གྷི་ཚོགས་པ་ zuckerberg Institute གསར་འཛུགས་གནང་མཁན་གྲས་མ་ཡི་ཁེལ་ལི་ཊིག་ Michael Littig ལགས་ཀྱིས་གཙོས་ཨ་རི་དང་། ཡུ་རོབ། ཨོ་སི་ཊི་ལི་ཡ་སོགས་ནས་ཕེབས་པའི་ཚོང་པའི་འགོ་ཁྲིད་ཀྱི་སྐུ་ཚབ་གྲངས་ ༢༡ ཙམ་ལ་འགོ་ཁྲིད་ཀྱི་གནས་བབ་སྐོར་གསུང་བཤད་གནང་དོན། རྒྱ་ནག་གི་བཙན་གནོན་འོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་གཏོར་བཤིག་ཚབས་ཆེན་བྱུང་དང་འབྱུང་བཞིན་པ་དང་།
ལྷར་པར་བོད་མིའི་རང་ལུས་མེར་སྲེག་གིས་མཚོན་པའི་དཀའ་ངལ་མང་དག་ཅིག་ཉིན་རེ་བཞིན་གནས་ཚུལ་ཐོན་གྱི་ཡོད། དེ་བཞིན་རྒྱ་ནག་གི་ཤུགས་རྐྱེན་འཛམ་གླིང་གི་ཤར་ནུབ་གང་སར་ཁྱབ་བཞིན་ཡོད་པར་བརྟེན། ལུས་སེམས་དང་མྱོང་ཚོར་གྱི་ཆ་ནས་དཀའ་ངལ་ཡོད་ཀྱང་དཀའ་ངལ་དེ་དག་བཏང་སྙོམས་སུ་བཞག་སྟེ་བོད་ཀྱི་གནད་དོན་གསལ་བར་འབད་བརྩོན་བྱེད་ཀྱི་ཡོད། ཅེས་དང་།
གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ནས་སོ་སོའི་གླ་ཕོགས་ཆེད་མིན་པར་གཙོ་བོ་བོད་སྤྱི་པའི་དོན་དུ་ཕྱག་ལས་གནང་གི་ཡོད། བཙན་བྱོལ་བོད་མིའི་ཁྲོད་ཡི་གེ་འབྲི་ཀློག་ཤེས་མཁན་གྱི་གྲངས་ཚད་རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གཅིག་ལས་མཐོ་བ་ཡོད། རང་ཉིད་འགོ་ཁྲིད་ཅིག་ཡིན་པའི་ཆ་ནས། དེ་ཡང་ཇི་སྐད་དུ། གལ་ཏེ་བཅོས་སུ་ཡོད་ན་ནི། ། དེ་ལ་མི་དགར་ཅི་ཞིག་ཡོད། ། གལ་ཏེ་བཅོས་སུ་མེད་ན་ནི། ། དེ་ལ་མི་དགའ་བྱས་ཅི་ཕན། ཞེས་མཁན་ཆེན་ཞི་བ་འཚོས་གསུངས་པ་དེ་གདམས་ངག་ཏུ་བརྩིས་ཏེ་བོད་མིའི་དཀའ་ངལ་སེལ་བར་སྲི་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །