ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཊུ་ཞི་ཌཱ་སྒོམ་སྒྲུབ་བསྟི་གནས་ཁང་ Tushita Mahayana Meditation Center གིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སན་ཊི་ཀོ་ལམ་བྷ་ St. Columba’s School སློབ་གྲྭ་རུ་ལྡི་ལི་ཁུལ་གྱི་སློབ་གྲྭ་ཁག་ ༢༠ སློབ་ཕྲུག་གིས་གཙོས་ཁྱོན་མི་གྲངས་ ༥༠༠༠ བརྒལ་བར་ཁོང་ཁྲོ་དང་སེམས་ཁྲལ་ལས་ཐར་ཐབས་ Overcoming Anger and Anxiety ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན།
བརྩེ་བའི་སྤུན་མཆེད་རྒན་གཞོན་རྣམ་པ། ངོས་རང་འདིར་བཅར་ནས་མི་སྣ་མང་པོ་དང་ཐུག་པར་ཧ་ཅང་དགའ་པོ་བྱུང་། ལྷག་པར་གཞོན་སྐྱེས་ཚོ་དང་ཐུག་པ་རེད། སྐབས་རེ་ལོ་ན་རྒན་པ་ཚོ་དང་ཐུག་སྐབས་ངོས་ཀྱི་བསམ་བློར། ང་གཉིས་ནས་སུ་སྔོན་ལ་འཆི་རྒྱུ་ཡིན་བསམ་པ་དྲན་བཞིན་འདུག འོན་ཀྱང་གཞོན་སྐྱེས་ཚོ་དང་ཐུག་སྐབས་ངོས་རང་ལོ་ ༨༤ སོན་ཡང་སྐབས་རེ་ལོ་ན་གཞོན་པའི་སྣང་བ་ཡོང་བཞིན་འདུག དེར་བརྟེན་ངོས་རང་དེ་རིང་འདིར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།
དུས་ཀྱི་འགྱུར་བ་ཟེར་བ་ནི་སུས་ཀྱང་ཟློག་ཏུ་མེད། དུས་ནི་རྟག་ཏུ་འགྱུར་བའི་རང་བཞིན་རེད། འདས་ཟིན་པའི་དུས་ལ་བྱ་ཐབས་གང་ཡང་མེད། འོན་ཀྱང་མ་འོངས་པར་འཛམ་གླིང་གི་གནས་སྟངས་བཟང་ངན་ཅི་འདྲ་ཞིག་བཟོ་མིན་ཐག་གཅོད་བྱ་རྒྱུ་དེ་ནི་ད་ལྟའི་མི་རབས་གཞོན་པ་ཁྱེད་ཚོའི་ལག་ཏུ་ཡོད། དེར་བརྟེན་མ་འོངས་པར་འཛམ་གླིང་བདེ་སྐྱིད་དང་འཚེ་མེད་ཞི་བདེ། བྱམས་བརྩེ་ལྡན་པ་ཞིག་ཡོང་དང་མི་ཡོང་ནི་ད་ལྟའི་གཞོན་སྐྱེས་ཚོའི་ལག་ཏུ་ཡོད་སྟབས། དུས་རབས་ ༢༡ མི་རབས་རྣམས་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ད་ལྟའི་གཞོན་སྐྱེས་རྣམས་ནས་དུས་རབས་ ༢༡ འདི་བྱམས་བརྩེ་ལྡན་པ་ཞིག་ཇི་ལྟར་བཟོ་དགོས་པ་དེའི་ཐོག་བསམ་བློ་ངེས་པར་གཏོང་དགོས། གང་ཡིན་ཞེ་ན་ང་ཚོས་དམག་འཁྲུག་གིས་གཙོས་དཀའ་ངལ་མང་དག་ཅིག་མི་རང་ཉིད་ཀྱིས་བཟོས་པ་རེད། དེར་བརྟེན་དཀའ་ངལ་དེ་དག་མིས་སེལ་དགོས། རྩ་མེད་བཟོ་མ་ཐུབ་ཀྱང་ཉུང་དུ་གཏོང་དགོས། དེར་བརྟེན་རྣམ་པ་ཚོར་བདེ་སྐྱིད་ལྡན་པའི་འཛམ་གླིང་བསྐྲུན་རྒྱུར་གོ་སྐབས་བཟང་པོ་ཡོད་པ་མ་ཟད་འགན་ཞིག་ཀྱང་ཡོད་པ་རེད། དམག་འཁྲུག་དང་འཚེ་བའི་ལས་དེ་དག་ཁོང་ཁྲོ་དང་རང་གཅེས་འཛིན་སོགས་ལ་བརྟེན་ནས་བྱུང་བ་རེད།
ང་ཚོས་འཛམ་བུ་གླིང་གི་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་གཅིག་གྱུར་གྱི་འདུ་ཤེས་མ་འཛིན་པར་ང་ཚོ་དང་ཁོ་པ་ཚོ། ཞེས་རང་ཕྱོགས་དང་གཞན་ཕྱོགས་ཀྱི་ལྟ་ཚུལ་བཟུང་བ་ལ་བརྟེན་ནས་ཡ་ང་སྙིང་རྗེ་མེད་པ་དང་དམག་འཁྲུག་རིགས་འབྱུང་བཞིན་ཡོད། གལ་ཏེ་ང་ཚོས་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་པ་ཡིན་ན། ཕན་ཚུན་དབང་ཡོད་བཤད་པ་དང་། ཐ་ན་མི་ཕན་ཚུན་གསོད་རེས་གཏོང་རྒྱུའི་གཞི་རྩ་མེད་པར་གྱུར་ངེས། དེར་བརྟེན་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད། སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཇི་འདྲ་ཞིག་ཡིན་ནའང་རང་ཉིད་འཚོ་བར་སྤྱིའི་སྒྲིག་འཛུགས་ལ་རག་ལུས་ཡོད། ཅེས་སོགས་རླབས་ཆེན་གྱི་མཛད་ཁུར་བཞི་ལས་ཐོག་མའི་སྐོར་བཀའ་སློབ་སྩལ།
དེ་ནས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩོལ་སྐབས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གོང་ནས་འཚེ་མེད་ཞི་བ་དང་། སྙིང་རྗེའི་ཉམས་ལེན་ཡོད་སྟབས་ཆོས་ལུགས་གཞན་ལྟ་ཅི། ཆོས་དད་མེད་མཁན་ཚོར་ཡང་གུས་བཀུར་ཞུ་རྒྱུའི་ལམ་སྲོལ་བཟང་པོ་ཞིག་ཡོད་པར་བརྟེན་དེང་སྐབས་རྒྱ་གར་ཡུལ་འཁོར་ཆེན་པོའི་ནང་། ཧིན་དུ་དང་ནང་པ། གཅེར་བུ་པ་སོགས་རྒྱ་གར་རང་ནང་བྱུང་བའི་ཆོས་ལུགས་ཙམ་མ་ཟད། ཕྱི་ནས་རྒྱ་གར་ནང་དར་ཁྱབ་བྱུང་བའི་ཡེ་ཤུ་དང་ཁ་ཆེ། ཛོ་ར་ཛོ་ཌིན་སོགས་ལའང་གུས་བཀུར་དང་འཆམ་མཐུན་ངང་མཉམ་གནས་བྱེད་བཞིན་ཡོད་པ་དེ་ནི་རྒྱ་གར་གྱི་གཟི་བརྗིད་ཡིན་པ་དང་། ཆོས་ལུགས་ཕན་ཚུན་ལྟ་གྲུབ་སོགས་མི་འདྲ་བ་ཕྲན་བུ་ཡོད་ཆོག་པ་དང་། ཆོས་ལུགས་འགའ་ཤས་ཀྱིས་འཇིག་རྟེན་བཀོད་པ་པོ་འདོད་ཅིང་། ལ་ལས་མི་འདོད་པ་སོགས་ཇི་ལྟར་ཡང་གཞི་རྩའི་ཆོས་ལུགས་ཚང་མའི་ནང་། བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས། རང་ཁྲིམས་སྲུང་རྒྱུ་སོགས་བསླབ་བྱ་གཅིག་མཚུངས་སུ་ཡོད་སྐོར་བཀའ་སློབ་སྩལ།
དེ་ནས་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གསུམ་པའི་ཐོག་བཀའ་སློབ་སྩལ་དོན། ངོས་རང་བོད་མི་ཞིག་རེད། བོད་མི་ཚོས་ངོས་ལ་ཡིད་ཆེས་བློ་འགེལ་བྱེད་བཞིན་ཡོད། དེར་བརྟེན་བོད་མིའི་མ་འོངས་མདུན་ལམ་ཐོག་བསམ་བློ་གཏོང་རྒྱུར་ངོས་ལ་འགན་འཁྲི་ཡོད། ཆབ་སྲིད་ཀྱི་གནད་དོན་ལ་མཚོན་ན་ཕྱི་ལོ་ ༢༠༠༡ ནས་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་བགྲེས་ཡོལ་ཆ་ཚང་ཞུས་ཟིན་པ་ཡིན། ད་ཆ་ང་ཚོ་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱིས་ལས་ཁུར་ཞུ་མུས་རེད། བོད་ཀྱི་ཁོར་ཡུག་ལ་མཚོན་ན། ད་ཆ་གོ་ལའི་ཚ་དྲོད་རྒྱས་པར་བརྟེན་ནས་ཛ་དྲག་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར། ཁོར་ཡུག་ཉམས་ཞིབ་པ་དང་མཁས་དབང་མང་པོ་ཞིག་གིས་ང་ཚོར་ཉེན་བརྡ་གཏོང་བཞིན་ཡོད། རྒྱ་གར་གྱིས་གཙོས་ཚན་རིག་པ་མང་པོས་བོད་ནི་ས་མཐོ་ལ་རླུང་སྐམ་པོ་ཡིན་སྟབས། ཁོར་ཡུག་ཉམས་ཆག་ཐེངས་གཅིག་ཕྱིན་པ་ཡིན་ན་བསྐྱར་གསོ་བྱ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡོད་པ་བརྗོད་ཀྱི་འདུག དེར་བརྟེན་ངོས་ཀྱིས་རྒྱ་རིགས་ཚོང་པ་སོགས་འབྲེལ་ཡོད་ངོ་ཤེས་ཚོར་བོད་ཀྱི་ཁོར་ཡུག་ཐོག་ངེས་པར་དུ་བསམ་བློ་གཏོང་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད། འཛུགས་སྐྲུན་ཡར་རྒྱས་དགོས་མཁོ་ཡོད་པ་དངོས་ཡོད་ཡིན་ནའང་། དེར་དམིགས་ནས་རང་བྱུང་ཐོན་སྐྱེད་དེ་དག་བཀོལ་སྤྱོད་བྱེད་སྐབས་ཡིད་གཟབ་དགོས་པ་དང་། ལྷག་པར་ཤིང་སྣ་གཅོད་བྲེག་བྱེད་སྐབས་ཁོར་ཡུག་ལ་བསམ་བློ་གཏོང་དགོས་པ་བརྗོད་ཀྱི་ཡོད།
ལྷག་པར་བོད་ཀྱི་རིག་གནས་གཅེས་འཛིན་བྱ་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་རེད། ངོས་རང་ཆུང་དུས་སྐབས་ནས་བོད་དུ་རྒྱ་གར་འཕགས་པའི་ཡུལ་གྱི་ལེགས་སྦྱར་སྐད་ནས་བསྒྱུར་བའི་བཀའ་བསྟན་གཞུང་དེ་དག་ལ་སློབ་གཉེར་བྱས་པ་ཡིན། ངོས་རང་ཁྱེད་ཚོ་དང་ལོ་ཚད་མཉམ་པའི་དུས་སྐབས་སུ་ཧ་ཅང་ལེ་ལོ་ཡོད། སང་ཉིན་གུང་སེང་ཡིན་ན་སེམས་ནང་དགའ་ཚོར་ཆེན་པོ་སྐྱེས་མྱོང་ཡོད། ཁྱེད་ཚོར་དགའ་ཚོར་དེ་ལྟར་ཡོད་རྒྱུ་རེད། ཅེས་ཞལ་ཤོབ་མཛད་དེ་མུ་མཐུད་བཀའ་སློབ་སྩལ་དོན། འོན་ཀྱང་རིག་གཞུང་དེ་དག་ལ་སློབ་སྦྱོང་བྱས་པར་ཐོག་མར་རྩ་བ་ཤོག་བུ་བརྒྱ་ཕྲག་བློ་འཛིན་བྱེད་དགོས། དེ་ནས་རྒྱ་གར་མཁས་པས་མཛད་པའི་འགྲེལ་བ་ཁག་ལ་སློབ་སྦྱོང་བྱེད་དགོས་པ་རེད། རྟགས་གསལ་བཏང་། རྩོད་པ་བྱས་ནས་འགྲོ་བ་རེད། གང་ཡིན་བརྗོད་ན་བོད་ལ་ནང་ཆོས་ངོ་སྤྲོད་ཐོག་མར་གནང་མཁན་མཁན་ཆེན་ཞི་བ་འཚོ་རེད། མཁན་ཆེན་རང་ཉིད་ལ་མཚོན་ན་དཔལ་ནཱ་ལེནྡྲའི་ཚད་མའི་གཞུང་ལུགས་ལ་ཧ་ཅང་མཁས་པ་རེད། ཁོང་གིས་དུས་རབས་བརྒྱད་པའི་ནང་བོད་དུ་ནང་ཆོས་དར་འཕེལ་མཛད་ཡོད། བོད་བརྒྱུད་ནང་བསྟན་དེ་སྨོན་ལམ་ཙམ་བརྒྱབ་ནས་སྡོད་རྒྱུ་མིན། ནཱ་ལེནྡྲའི་ཚད་མ་རིག་པ་དང་། ལྟ་གྲུབ་ཀྱི་རྣམ་གཞག་ཧ་ཅང་རྒྱས་པོ་ཡོད། ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་ལ་མཚོན་ན་དེང་དུས་ཚན་རིག་པས་བཤད་པའི་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དང་མཐུན་པ་ཆགས་ཡོད། ཆོས་གང་དང་གང་ཡིན་ཡང་ཇི་ལྟར་སྣང་བ་ལྟར་དུ་ཡུལ་རང་ངོས་ནས་གྲུབ་མེད་པ་དང་།
བརྟག་ཅིང་དཔྱད་ན་རང་ངོས་ནས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པར་བཞེས། དཔེར་ན་སེམས་ཙམ་པ་ལྟ་བུས་ཕྱི་དོན་ཁས་མི་ལེན་པར་ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་དུ་བཞེས། དེང་དུས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་ཚོས་ཀྱང་ཆོས་རྣམས་ཇི་ལྟར་སྣང་བ་ལྟར་དུ་གྲུབ་མེད་པ་དང་། སྣང་གནས་མི་མཐུན་པའི་རྣམ་གཞག་བཤད་པ་དེ་དག་དཔལ་ནཱ་ལེནྡྲའི་གཞུང་ནས་དེ་མཚུངས་གསུངས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སྐུའི་རླབས་ཆེན་གྱི་མཛད་འཁུར་གཙོ་བོ་བཞི་པའི་སྐོར་བཀའ་སློབ་སྩལ་ཡོད་པ་བཅས། །