༢༠༡༩ ཟླ་ ༡༠ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ཚེས་ ༡༧ རེས་གཟའ་ཕུར་བུའི་ཉིན་སྦེལ་ཇམ་རྒྱལ་ས་སྦར་སེལ་དུ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌེ་ཝི་ཌི་ས་སོ་ལི་ David Sassoli མཆོག་གིས་གཙོས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་གཞན་གསུམ་སྟེ་སྐུ་ཞབས་Petra De Sutter མཆོག་དང་། སྐུ་ཞབས་ Dinesh Dhamija མཆོག དེ་བཞིན་སྐུ་ཞབས་Tomas Zdechovsky མཆོག་བཅས་ཀྱི་ལས་ཁུངས་སུ་བཅར་ནས་ཁོང་རྣམས་དང་མཇལ་འཕྲད་གནང་བ་དང་། བོད་དོན་ཐོག་ད་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་པ་མ་ཟད། མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ་ལྟར་ཁོང་རྣམས་ནས་ཀྱང་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག
ཕྱེད་ཡོལ་དུ་སྲིད་སྐྱོང་མཆོག་གིས་སྦེལ་ཇམ་གྲོས་ཚོགས་གོང་མའི་ནང་ཕེབས་ནས་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་Sabine de Bethune མཆོག་དང་། ལྕམ་སྐུ་ Els Van Hoof མཆོག་བཅས་དང་མཇལ་འཕྲད་གནང་འདུག མཇལ་འཕྲད་སྐབས་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར་རྒྱ་ནག་གཞུང་གིས་གནས་དུས་ཚོད་རྩིས་ཀྱིས་༸རྒྱལ་བའི་ཡང་སྲིད་ཐག་གཅོད་བྱ་རྒྱུ་ཆབ་སྲིད་ཀྱི་དགོས་མཁོར་མཐོང་ནས་ངན་བྱུས་སྣ་ཚོགས་གཤོམ་བཞིན་པའི་སྐོར་གསལ་བཤད་ཞིབ་ཕྲ་གནང་བ་དང་སྦྲགས། བླ་སྤྲུལ་ཡང་སྲིད་རྩད་གཅོད་ཞུ་རྒྱུའི་ལམ་ལུགས་དེ་ནི་བོད་མི་ནང་པ་ཚོའི་ཐུན་མིན་ཉམས་བཞེས་ཤིག་ཡིན་པར་བརྟེན་ཆོས་མེད་སྨྲ་བ་རྒྱ་ནག་གུང་བྲན་སྲིད་གཞུང་གིས་དེར་ཐེ་བྱུས་བྱེད་མི་རུང་བ་གསུངས་འདུག
ལྷག་པར་དེང་སྐབས་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་འོག་རྒྱལ་སྤྱིའི་ཁྱོན་དུ་མང་གཙོའི་ལམ་ལུགས་ལ་རྩིས་མེད་རྡོག་རོལ་གཏོང་ཐབས་བྱེད་བཞིན་པ་དེར་ཚང་མས་ཡིད་གཟབ་དགོས་པའི་གནད་དོན་ཞིག་ཡིན་པ་དང་། ཡུ་རོབ་གྲོས་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་སྟེ་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་གནད་དོན་མགྱོགས་མྱུར་གསལ་ཐབས་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
བོད་ཀྱི་གནད་དོན་གསལ་དགོས་པ་དེ་ནི་བོད་མི་ཙམ་མ་ཟད། གོ་ལའི་གནམ་གཤིས་ལའང་ཧ་ཅང་འབྲེལ་བ་ཡོད་པ་དང་། ལྷག་པར་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། དེ་བཞིན་དཔལ་འབྱོར་ནི་སྤྱི་ལ་འབྲེལ་བ་ཡོད་པར་བརྟེན་ཚང་མས་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་གལ་སྐོར་གསུངས།
སྐབས་དེར་གྲོས་ཚོགས་འཐུས་མི་ཚོས་ཀྱང་སྲིད་སྐྱོང་མཆོག་གིས་གསུངས་པར་རྒྱབ་སྐྱོར་དང་མོས་མཐུན་གནང་རྒྱུའི་ཁས་ལེན་གནང་འདུག སྦར་སེལ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་སྲིད་སྐྱོང་མཆོག་དང་ལྷན་བཅར་ཞུས་འདུག སྦར་སེལ་ཁུལ་གྱི་མཛད་རིམ་ལེགས་གྲུབ་རྗེས་སྲིད་སྐྱོང་མཆོག་འཇར་མན་དུ་ཕེབས་འབྱོར་བྱུང་འདུག་པ་བཅས།