༢༠༡༩ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ན་ཌའི་གུ་ཡངས་ཆབ་སྲིད་ཚོགས་པའི་ཚོགས་གཙོ་སྲིད་བློན་ལས་ཐོག་ཇེ་སི་ཊིན་ཊོ་ཌུ་Justin Trudeau མཆོག་ལ་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་དོན།
ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་ཐེངས་འདིར་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཐེངས་ ༤༣ ཁྲོད་གུ་ཡངས་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་ནས་སྐུ་ཉིད་མཆོག་སླར་ཡང་ཁེ་ན་ཌའི་སྲིད་བློན་དུ་འོས་འདེམས་བྱུང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་ཡབ་ཁེ་ན་ཌའི་སྲིད་བློན་ལས་ཐོག་ ༡༥ སྐུ་ཞབས་པེར་རི་ཊོ་ཌུ་Hon Pierre Trudeau མཆོག་གིས་ཕྱི་ལོ་ ༡༩༧༠ ལོ་འགོ་ཙམ་ནས་ཁེ་ན་ཌར་བོད་མི་གཞིས་སྤོས་ཀྱི་ལས་གཞིར་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མ་ཟད། ད་ཆ་རྒྱ་གར་གྱི་ཕྱི་རོལ་དུ་བོད་མི་སྐྱབས་བཅོལ་བ་མང་ཤོས་ཡོད་སའི་ས་ཁུལ་གསུམ་པ་དེ་ཁ་ན་ཌ་ཆགས་ཡོད། དེ་ནི་སྐུ་ཉིད་མཆོག་གིས་ཕ་ཤུལ་བུས་འཛིན་ལ་བརྟེན་བྱུང་བ་ཞིག་ཡིན་སྟབས། ང་ཚོས་བྱམས་བརྩེའི་གཟིགས་སྐྱོང་གནང་བ་དེར་བཀའ་དྲིན་སྙིང་བཅངས་ཞུ་བཞིན་ཡོད།
ཁེ་ན་ཌའི་གཞུང་མང་གཉིས་ཀྱིས་ལོ་ངོ་དྲུག་ཅུའི་རིང་བོད་མིའི་རང་དབང་འཐབ་རྩོད་དང་བོད་རྒྱ་འབྲེལ་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཏེ་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཡོང་བར་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པར་ང་ཚོས་དུས་རྟག་ཏུ་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཅེས་འཁོད་པ་མ་ཟད། ཡུལ་དེའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་མང་རྒྱལ་ཁ་ཐོབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ཡོངས་ལའང་འཚམས་འདྲི་དང་སྦྲགས། བཀའ་དྲིན་རྗེས་དྲན་ཞུས་འདུག་པ་བཅས།