༢༠༡༩ ཟླ་ ༡༠ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཡུ་རོབ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Loránt Vincze དང་མཇལ་འཕྲད་གནང་འདུག དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༧ ཉིན་སྦེལ་ཇམ་རྒྱལ་ས་སྦར་སེལ་དུ་ཕེབས་འབྱོར་མཚམས་གྲོས་ཚོགས་འཐུས་མི་མཆོག་གི་ལས་ཁུངས་སུ་བཅར་བ་དང་། ཐེངས་འདིར་སྲིད་སྐྱོང་མཆོག་སྦར་སེལ་ཁུལ་དུ་ཕེབས་པར་གྲོས་ཚོགས་འཐུས་མི་མཆོག་གིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་གསུངས་པ་དང་སྦྲགས། ཡོ་རོབ་གྲོས་ཚོགས་འཐུས་མི་ཚོས་མུ་མཐུད་བོད་དོན་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག ཁོང་ནས་ཀྱང་སྲིད་སྐྱོང་མཆོག་ཁུལ་དེར་མཚམས་གཟིགས་སུ་ཕེབས་པར་ཐུགས་རྗེ་ཆེ་ཞུ་དང་། ཁོང་གིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་གསུངས་པ་མ་ཟད། དེ་སྔ་ཧང་གྷ་རི་ཡུལ་གྱི་བརྡ་སྤྲོད་རིག་གནས་ལ་མཁས་པ་སྐུ་ཞབས་ཨེ་ལེག་ཛེན་ཌར་ཀོ་རོ་ཤི་སོ་མ་Alexander Koroshi Csoma མཆོག་( བོད་ཨིན་ཚིག་མཛོད་ཆེས་ཐོག་མ་བཟོ་མཁན་) རྐང་ཐང་ཐོག་ནས་རོ་མ་ནི་ཡ་བརྒྱུད་བོད་ལ་ཕེབས་པའི་ལོ་རྒྱུས་ཡོད་པ་དེར་ལད་ཟློས་ཀྱི་ཚུལ་དུ་ཐེངས་འདིར་གྲོས་ཚོགས་འཐུས་མི་ཁོང་གི་ངོ་ཤེས་གསར་འགོད་པ་ཁག་གཅིག་ས་གནས་དེ་ནས་བོད་བར་གོམ་འགྲོས་འགོ་འཛུགས་གནང་བའི་སྐོར་སྲིད་སྐྱོང་མཆོག་ལ་གསུངས་འདུག
ཁུལ་དེར་སྲིད་སྐྱོང་མཆོག་གི་མཛད་རིམ་ཐོག་མར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཐུན་ཚོགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱི་གོ་སྒྲིག་གནང་བའི་ལྷན་ཚོགས་ཤིག་ཐོག ༸རྒྱལ་བའི་ཡང་སྲིད་སྐོར་གསུང་བཤད་གནང་འདུག སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་སྔ་ལོར་ཝེ་ཊི་ཀན་Vatican དང་ལྷན་གན་ཡིག་བཞག་ནས་རྒྱ་ནག་ནང་ཡེ་ཤུའི་མཆོད་དཔོན་Bishop བསྐོ་གཞག་བྱ་རྒྱུའི་བདག་དབང་ཐོབ་ཐང་བྱས་པའི་བྱ་སྤྱོད་དེ་ད་ཆ་འཛམ་གླིང་ས་གནས་གཞན་དང་གཞན་དུ་ལག་བསྟར་བྱེད་བཞིན་པ་དེར་ཡིད་གཟབ་དགོས་སྐོར་གསུངས་པ་མ་ཟད།
འདི་ལོའི་ཕྱི་ཟླ་ ༧ ནང་རྒྱ་གར་གསར་འགོད་པ་ཁག་གཅིག་ཆེད་མངགས་བོད་དུ་གཞུང་འབྲེལ་མགྲོན་འབོད་བྱས་ནས་རྒྱ་གར་གཞུང་གིས་འབྱུང་འགྱུར་ཏཱ་ལའི་བླ་མའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱས་ཚེ་འགྲིག་ཐབས་རྩ་བ་ནས་མེད་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུ་དེ་རྒྱ་ནག་གཞུང་ཁོ་ནར་བདག་དབང་ཡོད་ཚུལ་སྨྱོ་ཧམ་བྱས་པ་བརྒྱུད་རྒྱ་གར་ལ་ཉེན་བརྡ་བཏང་ཡོད་པ་རྣམས་གསལ་བཤད་གནང་འདུག ལྷན་ཚོགས་ཐོག་གཞུང་འབྲེལ་གནད་ཡོད་མི་སྣ་དང་རིག་པའི་བང་མཛོད་ཀྱི་སློབ་སྟོན་པ། ནང་པའི་ཆོས་ཚོགས་ཀྱི་ཚོགས་མི་དང་སྦེལ་ཇམ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་ཕེབས་འདུག དེ་ཉིན་དགོང་མོར་སྦེལ་ཇམ་བོད་རིགས་ཚོགས་པས་སྲིད་སྐྱོང་མཆོག་ལ་གསོལ་ཚིགས་ཕུལ་ཡོད་པ་དང་། སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཆེད་བཅར་ཞུས་ཡོད་པ་བཅས།