༢༠༡༩ ཟླ་ ༡༠ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པྲཱག་ནང་དུ་རྟེན་གཞི་བྱས་པའི་ཅལ་སི་མཐོ་སློབ་Charles University ཀྱི་ཚོགས་ཁང་ནང་གཏམ་བཤད་པ་གྲགས་ཅན་ཁག་གཅིག་དང་ལྷན། དེང་སྐབས་རྒྱ་ནག་གཞུང་གིས་གློག་རྡུལ་འཕྲུལ་ཆས་སྤྱད་ནས་བོད་མིར་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་དམ་བསྒྲགས་སུན་གཙེར་ཧ་ཅང་བཟོ་བཞིན་ཡོད་པ་ཞིབ་ཕྲ་གསལ་བཤད་གནང་འདུག
ཐེངས་འདིར་གཏམ་བཤད་ལས་རིམ་དེ་ནི་ཡུལ་དེར་ཞི་བདེའི་ལྷན་ཚོགས་Forum 2000ཞེས་པ་དེའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་ཞིང་། སྐབས་དེར་སྲིད་སྐྱོང་མཆོག་དང་ལྷན་ཤར་ཏུར་ཀི་སི་ཐན་གྱི་འགྲོ་བ་མིའི་ཐབ་ཐང་འཐབ་རྩོད་པ་ Dolkun Isa ལགས་དང་། རྒྱ་ནག་སྤྱི་དམངས་སྟོབས་ཤུགས་ཚོགས་པའི་Initiatives for China ཚོགས་གཙོ་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ཡང་ཅེ་ལིན་ Yang Jianli ལགས། དེ་སྔ་ཧོང་ཀོང་གི་ཡེ་ཤུའི་བླ་ཆེན་སྐུ་ཞབས་ཇོ་སེབ་ཛན་Cardinal Joseph Zen ལགས་བཅས་ཡིན་འདུག
སྲིད་སྐྱོང་མཆོག་གིས་ད་ལྟ་ཤར་ཏུར་ཀི་སི་ཐན་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་གློག་རྡུལ་འཕྲུལ་ཆས་བཀོལ་སྤྱོད་ལམ་ནས་ཁ་ཆེ་བ་ཚོའི་འགྲོ་འདུག་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པ་དེ་སྔ་བོད་ནང་དམ་བསྒྲགས་དེ་མཚུངས་ལག་བསྟར་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བཙན་བཟུང་བྱེད་བཞིན་པའི་ས་ཁུལ་ཁག་གི་ནང་དུ་ས་གནས་གཅིག་ལ་དམ་བསྒྲགས་བྱ་རྒྱུའི་ཐབས་ལམ་དེ་ས་གནས་གཞན་དུ་ཚོད་ལྟ་བྱེད་སྲོལ་ཡོད་པ་དེ་ད་ཆ་མཐོང་ཆོས་སུ་ཤར་ཏུར་ཀི་སི་ཐན་ནང་བྱེད་བཞིན་པ་དེ་དག་ཡིན་སྐོར་གསུངས།
ད་ལྟའི་ཤར་ཏུར་ཀི་སི་ཐན་གྱི་དྲུང་ཆེ་ཁྲན་ཆོན་གོ་Chen Quanguo ཟེར་བ་ཁོ་པ་དེ་སྔ་བོད་རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེ་བྱས་མྱོང་ཡོད་སྟབས་བོད་ནང་དམ་བསྒྲགས་བྱེད་སྟངས་ཀྱི་ཐབས་བྱུས་དེ་དག་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་ཐོག་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ལོར་རྒྱ་ནག་གཞུང་གིས་ཨིན་ཇིའི་སྲིད་གཞུང་དང་ལྷན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཧོང་ཀོང་ནང་ལག་བསྟར་བྱ་རྒྱུ་ཡིན་ཚུལ་ཁས་ལེན་བྱས་པ་དེ་དག་ལ་བརྩི་མེད་རྡོག་རོལ་བཏང་ནས་ཧོང་ཀོང་དུ་དམ་བསྒྲགས་བྱེད་བཞིན་པ་ལྟར། དེ་སྔ་ཕྱི་ལོ་ ༡༩༥༡ ལོར་བོད་མི་ཚོར་ཡང་བཙན་དབང་འོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་བཅུག་པ་མ་ཟད། ཕྱིས་སུ་གྲོས་མཐུན་གྱི་འབྲུ་དོན་ལ་བརྩི་འཇོག་རྩ་བ་ནས་མ་བྱས་པར་དེ་དག་རེ་རེ་བཞིན་བརྩི་མེད་རྡོག་རོལ་བཏང་བ་དང་གཉིས་སུ་མེད་སྐོར་གསུངས།
ཕྱོགས་མཚུངས་སྔ་ལོར་རྒྱ་ནག་གཞུང་གིས་ཡེ་ཤུའི་རྒྱལ་ཁབ་ཝེ་ཊི་ཀན་Vatican City དང་རྒྱ་ནག་ནང་ཡེ་ཤུའི་བླ་ཆེན་བསྐོ་གཞག་བྱེད་སྟངས་ཐད་གྲོས་མཐུན་གན་ཡིག་བཞག་ཡོད་ཀྱང་། ཕྱིས་སུ་གན་ཡིག་འབྲུ་དོན་ལ་བརྩི་འཇོག་མ་བྱས་པར་རང་སྣང་གང་དྲན་བྱས་པ་ལྟར། བོད་མི་ནང་པ་ཚོར་ཡང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་བཀའ་རྒྱ་ཨང་ ༥ ཟེར་བ་བསྒྲགས་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་གཅོད་ཞུ་རྒྱུའི་ལམ་སྲོལ་ལ་ཐེ་བྱུས་སྟངས་འཛིན་བྱས་དང་བྱེད་མུས་ཡིན་པ་དང་། འོན་ཏང་བོད་མི་ཚོས་ཡེ་ཤུའི་རྒྱལ་ཁབ་ཝེ་ཊི་ཀན་ལྟར་མ་ཡིན་པར་རྒྱ་ནག་གཞུང་གིས་བསྒྲགས་པའི་བཀའ་རྒྱ་ཨང་ ༥ ཟེར་བ་དེར་མུས་མཐུན་རྩ་བ་ནས་བྱས་མེད། གང་ཡིན་བརྗོད་ན་རྒྱ་ནག་དམར་པོའི་སྲིད་གཞུང་ནི་ཆོས་མེད་སྨྲ་བ་ཡིན་སྟབས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོར་ཐེ་བྱུས་བྱ་རྒྱུའི་བདག་དབང་མེད་པ་མ་ཟད། ལྷག་པར་བླ་སྤྲུལ་ཡང་སྲིད་དང་ཡང་སྒོས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་ཐེ་བྱུས་བྱ་རྒྱུ་ཟེར་བ་ནི་བློ་ཡུལ་ལས་འདས་པའི་ཧམ་བཤད་རེད། ཅེས་གསུངས།
གཞན་ཡང་སྲིད་སྐྱོང་མཆོག་གིས་དེང་སྐབས་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོ་གྱུར་རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་འགྲེལ་བཤད་ལོག་པ་བརྒྱབ་ནས་ཕས་ཀྱི་རྒོལ་བ་སུན་འབྱིན་ཐབས་བྱེད་བཞིན་པ་དང་། འཇིག་རྟེན་གྲགས་ཚོད་ལས་བརྒལ་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འགྲེལ་བཤད་གསར་པ་ཞིག་བཟོས་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགྲེལ་བཤད་ཅིག་བཙན་གྱིས་སྦྱར་བ་ཞིག་ཅི་ལ་མིན་སྐོར་སྲིད་སྐྱོང་མཆོག་གིས་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གིས་གཡོ་སྒྱུའི་བྱེད་སྟངས་གསར་པ་དེ་བརྒྱུད་འཛམ་གླིང་ནང་སྟོབས་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་པ་དེར་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནས་མཉམ་རུབ་ཀྱིས་གདོང་ལེན་བྱེད་དགོས་པའི་རེ་འདུན་བཏོན་གནང་འདུག
སྤྱིར་སྲིད་སྐྱོང་མཆོག་གིས་དེ་ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་མ་ཆགས་གོང་ཅེག་Czechདང་སུ་ལོ་ཝག་ཀི་ཡ་ Slovakia གཉིས་རྒྱལ་ཁབ་གཅིག་ཡིན་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཕྱི་ལོ་ ༡༩༩༠ ལོར་ཆིབས་སྒྱུར་བསྐྱངས་སྐབས་ཅེག་གི་སྲིད་འཛིན་ཟུར་པ་ཞིང་གཤེགས་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་Vaclav Havel མཆོག་དང་མཇལ་འཕྲད་མཛད་པའི་སྐོར་བགྲོ་གླེང་གནང་འདུག
བགྲོ་གླེང་སྐབས་དབུ་ཁྲིད་རྣམ་གཉིས་ཀྱིས་ད་བར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་མཛད་རྗེས་ཇི་ཙམ་བཞག་པའི་སྐོར་གླེང་གནང་འདུག་པ་མ་ཟད། མཛད་སྒོ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་སྩལ་བའི་བརྙན་འཕྲིན་ཞིག་ཀྱང་གཟིགས་འབུལ་ཞུས་འདུག གསུང་འཕྲིན་དེའི་ནང་ཅེག་ཡུལ་མི་ཚོས་སྲིད་འཛིན་ཞིང་གཤེགས་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་མཆོག་གི་ལྟ་གྲུབ་ལམ་སྟོན་དེ་དག་ལག་བསྟར་རྒྱུན་འཛིན་ཞུ་དགོས་པའི་དྲན་སྐུལ་མཛད་འདུག་པ་བཅས།