ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ ནས་ ༢༡ བར་ཉིན་གྲངས་ ༡༡ ཙམ་རིང་ལོ་གཉིས་དང་ཕྱེད་ཀ་ཕྱི་མའི་ས་བགོས་ཁྱབ་ཁོངས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་དང་། གྷོ་བ་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་སྟེ་ཕྱི་ཚེས་ ༢༡ ཉིན་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༡༣ ཉིན་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཧུབ་ལེ་རུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། མོན་གྷོ་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་སྣེ་ལེན་དང་། ཕྱི་དྲོ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་འབྱོར་འཕྲལ། ས་གནས་ཚོགས་སྡེ་ཁག་དང་། དགོན་སྡེ་ཁག་གི་ཕྱག་མཛོད། ས་གནས་བརྒྱ་དཔོན་བཅས་ཀྱིས་སྣེ་ལེན་ཞུས་གནང་།
ཕྱི་ཚེས་ ༡༤ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་སྤྱི་འཐུས་རྣམ་གཉིས་ནས་མོན་གྷོ་ས་གནས་འཐུས་ཚོགས་དང་། གཞིས་ལས་ཁང་། རང་བདེན་ཚོགས་ཆུང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅས་ཀྱི་ལས་ཁུངས་ཁག་ལ་གཟིགས་ཞིབ་ཀྱིས་ལམ་སྟོན་གསལ་བཤད་དགོས་རིགས་གནང་ཡོད་པ་དང་། དེ་ནས་ས་གནས་འཕྲོད་བསྟེན་སྨན་ཁང་དང་། བཙུན་དགོན་བྱང་ཆུབ་ཆོས་གླིང་། རྒས་གསོ་ཁང་། སྨན་རྩིས་ཁང་ཁག་གཉིས་བཅས་ལ་གཟིགས་ཞིབ་གནང་ཡོད་འདུག
ཕྱི་ཚེས་ ༡༥ ཉིན་སམ་བྷོ་ཊ་གཞི་རིམ་བར་མའི་སློབ་གྲྭའི་རྩེད་ཐང་དུ་དགེ་སློབ་ཚང་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་ཤེས་ཡོན་གྱི་གལ་ཆེའི་སྐོར་དང་འབྲེལ་ནས་གསུང་བཤད་གནང་རྗེས། སློབ་གྲྭའི་འཛིན་ཁང་དང་། དཔེ་མཛོད་ཁང་སོགས་ལ་གཟིགས་ཞིབ་དང་། དེ་ནས་སམ་བྷོ་ཊ་གཞི་རིམ་འོག་མའི་སློབ་གྲྭའི་འཛིན་གྲྭ་རེ་རེའི་ནང་ཆེད་ཕེབས་ཀྱིས་སློབ་འཁྲིད་གནང་ཕྱོགས་སོགས་ལ་གཟིགས་ཞིབ་གནང་ཡོད་པ་མ་ཟད། འབྲས་སྤུངས་བློ་གསལ་གླིང་དང་། སྒོ་མང་། ས་སྐྱ་གྲྭ་ཚང་བཅས་ཀྱི་སློབ་གྲྭ་ཁག་ལ་གཟིགས་ཞིབ་གནང་། གོང་གསལ་སློབ་གྲྭ་ཁག་ལ་ཕེབས་སྐབས་འབྲེལ་ཡོད་ནས་སྣེ་ལེན་དང་། ལས་ཀྱི་སྣེ་མོ་བ་ཚོས་སློབ་གྲྭར་གཟིགས་སྐོར་ཕེབས་པར་དགའ་ཚོར་ཆེན་པོ་གནང་ཡོད་འདུག
ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ནས་འབྲས་སྤུངས་བླ་སྤྱིའི་ཚོགས་ཁང་ནང་ར་སྟོད་དང་། ས་སྐྱ། བཀའ་བརྒྱུད། འབྲས་སྤུངས་བློ་གླིང་དང་སྒོ་མང་བཅས་ཀྱི་དགེ་འདུན་པ་རྣམས་འདུ་འཛོམས་དང་། ཉིན་རྒྱབ་དགའ་ལྡན་བླ་སྤྱིའི་འདུ་ཁང་ནང་དགའ་ལྡན་གྲྭ་ཚང་ཤར་བྱང་གཉིས་དང་། རྙིང་མ་གྲྭ་ཚང་བཅས་ཀྱི་དགེ་འདུན་པ་རྣམས་འདུ་འཛོམས་བཅས་སོ་སོར་གསུང་བཤད་གནང་བ་མ་ཟད། ཚོགས་བཅར་བས་དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། གཞན་ཡང་དེ་ཉིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འཕྲོད་བསྟེན་སྨན་ཁང་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སྨན་ཁང་བཅས་ལ་གཟིགས་ཞིབ་གནང་ཡོད་འདུག
ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གོ་སྒྲིག་འོག་གཞིས་སྤྱིའི་ནོར་བུ་རིར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ནས་གསེར་གྱི་གཟེངས་རྟགས་ཕུལ་ནས་མི་ལོ་ ༡༢ འཁོར་བའི་མཛད་སྒོ་ཞིག་འཚོགས་པའི་ཐོག་སྤྱི་འཐུས་རྣམ་གཉིས་གདན་ཞུས་ལྟར་ཆེད་ཕེབས་གནང་ཞིང་། མཛད་སྒོའི་ཐོག་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་སྤྱི་འཐུས་རྣམ་གཉིས་དང་། དབུ་ཆོས་རྣམ་པ། ཚོགས་སྐྱིད་ཁག་གི་ལས་སྣེ་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྤྱན་རྒྱ་སྤོས་སྣེས་བསུས་ཏེ་གདན་ཞུས་དང་། རིམ་པས་སྐུ་མགྲོན་དང་མི་མང་ནས་༧རྒྱལ་བའི་ཞབས་བརྟན་དང་ལྷ་བསངས་གསུང་འདོན་གནང་རྗེས། ཤར་རྩེ་མཁན་རིན་པོ་ཆེ་མཆོག་དང་། སྤྱི་འཐུས་རྣམ་པ་གཉིས། ས་གནས་འགོ་འཛིན་བཅས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་འདུག
དེ་ནས་སམ་བྷོ་ཊ་གཏན་ཉིན་སློབ་གྲྭར་གཟིགས་སྐོར་ཕེབས་པ་དང་། སྐབས་དེར་སློབ་ཕྲུག་རྣམ་པས་རུ་སྒྲིག་རྔ་རོལ་དང་བཅས་སྣེ་ལེན་ཞུས་གནང་རྗེས། སློབ་གྲྭའི་ཚོགས་ཁང་ནང་དགེ་སློབ་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་སློབ་སྦྱོང་གི་དགོས་དམིགས་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་གྲུབ་མཚམས། རིམ་པས་འཛིན་ཁང་ཁག་ལ་གཟིགས་ཞིབ་གནང་འདུག གཞན་ཡང་འདུ་འཛོམས་ཐོག་འཛིན་རིམ་གོང་འོག་གཉིས་ཀྱི་སློབ་ཕྲུག་རྣམ་པས་རིགས་ལམ་དང་མཉམ་གཞས་སོགས་གཟིགས་འབུལ་ཞུས་གནང་ཡོད་པ་དང་། ཉིན་རྒྱབ་རྙིང་དགོན་རྡོ་རྗེ་བྲག་ལ་གནས་གཟིགས་གནང་ཡོད་འདུག
ཕྱི་ཚེས་ ༡༨ ཉིན་གཞིས་གྲོང་གསུམ་པའི་མི་མང་ཚོགས་ཁང་ནང་སྤྱི་འཐུས་རྣམ་པ་གཉིས་ནས་ས་གནས་མི་མང་ཡོངས་ལ་གསུང་བཤད་དང་། དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། མོན་གྷོ་གཞིས་ཆགས་ཀྱི་ལས་རིམ་ཡོངས་རྫོགས་མཇུག་སྒྲིལ་བ་དང་། དེ་ནས་ས་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་པས་གཙོས་ལས་སྣེ་ཡོངས་ཀྱིས་སྐྱེལ་མ་དང་བཅས། གྷོ་བ་ (Goa) ཕྱོགས་ལ་ཕེབས་ཐོན་གྱིས་ཕྱི་དྲོ་གྷོ་བ་ཀ་ལན་གྷ་ཌེ་ (Goa Calangute) བོད་རིགས་ཚོང་པ་རྣམས་དང་མཇལ་འཕྲད་ཀྱིས་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་།
ཕྱི་ཚེས་ ༡༩ ཉིན་གྷོ་བ་ཝ་སི་ཀོ་ (Vasco) ས་གནས་བོད་རིགས་སུད་ཚོང་བ་རྣམས་མཇལ་འཕྲད་ཀྱིས་ཁོང་རྣམ་པའི་བསམ་ཚུལ་དང་རེ་བསྐུལ་གནང་བ་ཁག་ལ་ལམ་སྟོན་གསལ་བཤད་གནང་རྗེས། གྷོ་བ་ཁུལ་གྱི་ལས་རིམ་མཇུག་བསྒྲིལ་གནང་ཡོད་འདུག
གཟིགས་སྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༨ ཙམ་གནང་ཡོད་པ་དང་། ཐེངས་འདིའི་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་རྣམ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་གནས་བབ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་རིམ་སྐོར་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་དང་།
དེ་བཞིན་སློབ་ཕྲུག་དང་། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཉིན་གྲངས་ ༡༡ རིང་གི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །