ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྦས་ཡུལ་འབྲས་མོ་ལྗོངས་སུ་རྟེན་གཞི་བྱས་པའི་བཻ་རོ་ཙ་ན་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་དགེ་སློབ་ཐུན་མོང་ལ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་དུས་རབས་ ༢༡ ནང་དགོས་མཁོ་ཇི་ཙམ་ཡོད་པ་དང་། ལྷག་་གང་ཟག་སྒེར་གྱི་སེམས་རྒྱུད་གདུལ་ཐབས་དང་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་སླད་གལ་གནད་ཆེ་ཚུལ་སྐོར་བླང་དོར་བཀའ་སློབ་སྩལ་དོན། དེ་རིང་ཁྱེད་རང་ཚོ་ཆེད་མངགས་འབྲས་ལྗོངས་ནས་མི་ཚོགས་ཁག་གཅིག་ཡོང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཕྱི་ལོ་ ༡༩༥༦ ལོར་ངོས་རང་རྒྱ་གར་ནང་སྟོན་པ་ཤཱཀྱ་ཐུབ་པ་སྐུ་བཏམས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་ཡོང་བ་རེད། སྣ་སྟོད་ལ་བརྒལ་ནས་ཡོང་བ་རེད། ཕར་ལོག་སྐབས་ཀྱང་སྣ་སྟོད་ལ་བརྒལ་ནས་ཕྱིན་པ་རེད། སྣ་སྟོད་ལ་རྒྱབ་ནས་ཚུར་ཡོང་སྐབས་སྣ་སྟོད་ལའི་ལ་རྩེར་སླེབས་སྐབས་ངོས་ཀྱི་ངོ་ཤེས་རྒྱ་གར་བའི་དཔོན་པོ་ཁག་གཅིག་དང་། ཕལ་ཆེར་འབྲས་ལྗོངས་རྒྱལ་སྲས་བླ་མ་ཕལ་ཆེར་ཡོང་བ་ཡོད། གང་ལྟར་རང་དབང་ལུང་པར་སླེབས་སྐབས་དམིགས་བསལ་ཚོར་བ་ཞིག་བྱུང་། འབྲས་ལྗོངས་ཆོས་རྒྱལ་ཡབ་ཆེན་ཁོང་ཡོད། འབྲས་ལྗོངས་རྒྱལ་སྲས་བླ་མ་ཡོད། དངོས་གནས་དམ་ཚིག་གཙང་མ་ཧ་ཅང་ཡག་པོ་ཡིན། མཚམས་རེ་ངོས་ཀྱིས་ཁོང་ལ་འཕྱ་སྨོད་བྱེད་ཀྱི་ཡོད། ཁོང་ལ་དིག་ཡོད། མི་ཧ་ཅང་ཡག་པོ་ཡོད།
ད་ཆ་འབྲས་ལྗོངས་རྒྱལ་པོའི་རྒྱུད་པ་དེའང་ད་ཆ་ཧ་ལམ་མཛུབ་མོ་འཛུགས་ས་མེད་པ་ལྟ་བུ་ཆགས་ཡོད། འོན་ཀྱང་དུས་ཀྱི་འགྱུར་བ་ཟློག་ཐབས་མེད། གལ་ཆེ་ཤོས་སོ་སོའི་རིག་གཞུང་རེད། ང་ཚོ་བོད་མིར་མཚོན་ན་མི་རབས་བརྗེ་བཞིན་ཡོད། བོད་པ་མང་པོ་རྒྱ་མིས་བསད་པ་རེད། འོན་ཀྱང་བོད་ཀྱི་རིག་གཞུང་དེ་ལྟར་མུ་མཐུད་གནས་ཡོད། ལྷག་པར་དུའང་ང་ཚོ་བཙན་བྱོལ་བ་ཆགས་པའི་རྗེས་ལ་དེང་སྐབས་ཤེས་ཡོན་མི་སྣ་དང་ལྷག་པར་ཚན་རིག་པ་དང་ཐུག་ནས་བགྲོ་གླེང་གོ་བསྡུར་སོགས་བྱེད་སྐབས་མཁན་སློབ་ཆོས་གསུམ་གྱིས་ང་ཚོར་རྩིས་སྤྲོད་གནང་བའི་སངས་རྒྱས་པའི་ཆོས་སྨོན་ལམ་རྒྱག་རྒྱུ་མཙ་མ་རེད། སངས་རྒྱས་པའི་ཆོས་ལ་མི་འདྲ་བ་དེ་ལྟ་གྲུབ་ཧ་ཅང་གནད་འགག་ཆེན་པོ་ཆགས་འདུག བཅོམ་ལྡན་འདས་རང་གིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་ཡོད།
ངོས་ཀྱིས་ཆོས་ལུགས་ཚང་མར་གུས་པ་བྱེད་ཀྱི་ཡོད། འོན་ཀྱང་དེ་འདྲ་གསུང་མཁན་བཅོམ་ལྡན་འདས་མ་གཏོགས་ཧ་ལམ་མེད། ཆོས་ལུགས་གཞན་གྱི་སྟོན་པ་ཚོས་ངས་གང་བཤད་པ་དེར་ཁྱེད་ཚོས་ཡིད་ཆེས་བྱོས། ཞེས་གསུང་གི་ཡོད། འོན་ཀྱང་སྟོན་པ་བཅོམ་ལྡན་འདས་ཀྱིས་ངས་གང་བཤད་པ་དེར་ཡིད་ཆེས་བྱེད་དགོས་མེད། དེར་ཞིབ་འཇུག་བྱོས། བརྟག་དཔྱད་བྱེད་དགོས་པ་གསུངས་ཡོད། དེར་བརྟེན་ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས། མཁན་ཆེན་ཞི་བ་འཚོས་རྒྱ་གར་ནས་ཚུར་ནཱ་ལེནྜའི་འགྲོ་སྟངས་ནང་བཞིན་ཡོད་པ་དེ་ང་ཚོར་སློབ་ཁྲིད་གནང་། ཕྱི་ནང་གི་འགལ་རྐྱེན་བར་ཆད་སེལ་ཡག་དེ་དག་སློབ་དཔོན་ཐུགས་རྗེ་ཅན་གྱིས་གནང་ཡོད། རྩ་བའི་སྦྱིན་བདག་དེ་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་གནང་ཡོད། མཁན་སློབ་ཆོས་གསུམ་ཞེས་ཡོངས་གྲགས་རེད།
བོད་སིལ་བུར་ཆགས་པ་ནས་བཟུང་འཕེལ་འགྲིབ་སྣ་ཚོགས་བྱུང་ཡོད་ཀྱང་བོད་པའི་སྐད་ཡིག་དང་། བོད་པའི་ནང་ཆོས་དང་འབྲེལ་བའི་ཤེས་ཡོན། ལྟ་གྲུབ་དེ་ཚོའི་གྲས་དུས་ད་བར་ང་ཚོས་འཛིན་ནས་བསྡད་པ་རེད། ཕྱི་ལོ་ ༡༩༤༩།༡༩༥༠ ནས་མར་བྱས་ནས་རྒྱ་ནག་གུང་བྲན་གྱིས་དྲག་གནོན་ཧ་ཅང་བྱས་ཡོད། ལྷག་པར་རིག་གནས་གསར་བརྗེ་ཟེར་བའི་སྐབས་སུ་བོད་ཀྱི་དགོན་པ་ཧ་ལམ་སྟོང་ཕྲག་ལྔ་ཙམ་རྩ་མེད་བཏང་ཡོད། བོད་མི་འབུམ་འགའ་ཤས་བསད་ཡོད། འོན་ཀྱང་བོད་མི་རིགས་ཀྱི་སེམས་ཤུགས་དང་ཞེན་ཁོག་དེ་རྩ་བ་ནས་མ་བརླག་པར་གནས་ཐུབ་ཡོད། སོ་སོའི་མི་རིགས་ཀྱི་ལྟ་གྲུབ་དེས་ཏན་ཏན་ཁྱད་པར་འདུག བོད་ད་ལྟའི་གནས་སྐབས་སུ་རང་དབང་མེད། ཁྱེད་རང་ཚོ་ནུབ་ལ་དྭགས་ནས་ཤར་མོན་ཡུལ་བར་ཧི་མཱ་ལ་ཡི་རི་རྒྱུད་ལ་ཡོད་མཁན་ཚོ་བོད་ཀྱི་ཆོས་དང་རིག་གཞུང་ལ་འབྲེལ་བ་ཡོད་པ་ཞིག་རེད། དེར་བརྟེན་ང་ཚོའི་ཕ་མེས་ནས་ཡོད་པའི་སངས་རྒྱས་པའི་འཚེ་བ་མེད་པའི་ལྟ་གྲུབ། རྟེན་འབྱུང་གི་ལྟ་བ་དེ་ཕལ་ཆེར་འཛམ་གླིང་སྤྱི་ནོར་རེད་ཅེས་བརྗོད་ཆོག་པ་ལྟ་བུ་ཞིག་རེད། ངོས་ཀྱིས་ནམ་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད། སངས་རྒྱས་པའི་ཆོས་འདི་སྙིང་པོ་བསྡུས་པ་ཡིན་ན་སྤྱོད་པ་འཚེ་བ་མེད་པ། ལྟ་བ་རྟེན་འབྱུང་ཞེས་བརྗོད་ཀྱི་ཡོད། སྤྱོད་པ་འཚེ་བ་མེད་པ་ཞེས་པ་དེ་མུ་སྟེགས་པའི་ནང་དུའང་ཧ་ཅང་ཤུགས་ཆེན་པོ་ཡོད། ལྷག་པར་གཅེར་བུ་པར་མཚོན་ན་ཧ་ལས་པ་ཡོད། འོན་ཀྱང་ང་ཚོར་ལྟ་བ་མི་འདྲ་བ་ཞིག་ཡོད། འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། གང་ལྟར་ལས་རྒྱུས་འབྲས་དེ་དག་མཐར་གཏུགས་སྐབས་རྟེན་ཅིང་འབྲེལ་བར་འབྱུང་བ་ཟེར་བ་དེའི་ཐོག་ནས་བཤད་ཀྱི་ཡོད། ངོས་ཀྱིས་ནམ་རྒྱུན་སྤྱོད་པ་འཚེ་བ་མེད་པ་ཞེས་པ་དེ་འཛམ་གླིང་ཞི་བདེ་དང་འབྲེལ་བ་ཡོད། དེ་ནི་རྒྱ་གར་ནས་ཨ་ཧིན་ས་ཞེས་པ་དེ་རེད། ཧ་ཅང་རྩ་བ་ཆེན་པོ་རེད་འདུག དེང་སྐབས་འཛམ་གླིང་ནང་དགོས་མཁོ་ཧ་ཅང་ཡོད་པ་ཞིག་རེད་འདུག
ང་ཚོས་འདིར་བག་ཕེབས་ངང་ཡོད། འོན་ཀྱང་དུས་ཚོད་འདི་གའི་ཐོག་འཛམ་གླིང་ས་ཕྱོགས་གཞན་དང་གཞན་དུ་མི་གསོད་ཁྲག་སྦྱོར་ཇི་ཙམ་ཡོང་བཞིན་འདུག ཧ་ཅང་སེམས་སྐྱོ་པོ་རེད། ལྷག་པར་ཆོས་མིང་ཐོག་ནས་གསོད་རེས་གཏོང་ཡག་ཟེར་བ་དེ་དག་ཧ་ཅང་ཐབས་སྐྱོ་པོ་རེད། དུས་སྐབས་འདིར་རྒྱ་གར་ནང་ལོ་ངོ་གསུམ་སྟོང་གོང་ནས་དར་བའི་འཚེ་མེད་ཞི་བའི་ལྟ་གྲུབ་འདི་ཧ་ཅང་དགོས་མཁོ་ཡོད་པ་ཞིག་ཡིན། ང་ཚོ་ནང་པ་ཚོས་ཨ་ཧིན་ས་ཞེས་འཚེ་བ་མེད་པ་དེའི་རྒྱབ་རྟེན་སྒྲུབ་བྱེད་དེ་རྟེན་འབྱུང་ཟེར་བ་དེས་བསྒྲུབ་ཀྱི་ཡོད། གཞན་ལ་འཚེ་བ་བྱས་ན་རང་ལ་སྡུག་བསྔལ་ཡོང་རྒྱུ་རེད། ཟེར་བ་འདི་རླབས་ཆེན་པོ་འདུག ཇི་ཙམ་གྱིས་གཞན་ཕན་གྱི་བློ་བསྟེན་ནས་གཞན་ལ་རོགས་བྱས་པ་ཡིན་ན་རང་ཉིད་ལ་བདེ་སྐྱིད་ཡོང་གི་རེད། གཞན་ལ་གནོད་པ་བྱས་ན་རང་ལ་སྡུག་བསྔལ་ཡོང་གི་རེད། ཅེས་དེ་འདྲའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་དེ་ཧ་ལས་པ་ཞིག་རེད་འདུག དེ་ཚན་རིག་པ་དང་མཐུན་པ་རེད། ཚན་རིག་པའི་ཤོད་སྟངས་དང་ཧ་ཅང་མཐུན་པ་རེད། ལྟོས་ནས་གྲུབ་པ། རྟེན་ནས་འབྱུང་བ་རེད།
དེར་བརྟེན་ཁྱེད་ཚོ་ཧི་མཱ་ལ་ཡི་རི་རྒྱུད་ཀྱི་མི་དེ་དག་གང་ལྟར་བོད་ཀྱི་ཆོས་དང་རིག་གཞུང་ཡོད་པ་ཞིག་ཆགས་ཡོད། ཁྱེད་ཚོར་རང་དབང་ཡོད་སྟབས་གོ་སྐབས་དེ་དཔྱད་ནས་རིག་གཞུང་དེ་དག་མུ་མཐུད་ནས་བདག་གཅེས་ཡག་པོ་བྱེད་དགོས། བདག་པོ་རྒྱག་སྟངས་དེའང་ལྷ་ཁང་ཡོད་པས་ཕན་ཐོགས་མེད། སྐུ་གསུང་ཐུགས་རྟེན་ཧ་ཅང་ཆེན་པོ་དེ་འདྲ་ཡོད་པ་ཙམ་གྱིས་དེ་ཙམ་ཕན་རྒྱུ་མེད། སྐྱབས་སུ་མཆིས་ཟེར་བ་ཙམ་ལས་ཕན་ཐོགས་དེ་ཙམ་མེད། དེ་ན་སངས་རྒྱས་པའི་ཆོས་དང་གཙོ་ཆེར་ལྟ་གྲུབ་དེ་དག་དཔེ་ཆར་བལྟས་ནས་འགྲོ་དགོས། ཁྱེད་ཚོས་མཁྱེན་གསལ་རེད། བཀའ་འགྱུར་པོ་ཏི་བརྒྱ་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཙམ་ཡོད། དེ་ཚོའི་ནང་ལ་སངས་རྒྱས་པའི་ཆོས་ཀྱི་ཁྱད་པར་མང་པོ་ཞིག་འཐོན་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་། བཻ་རོ་ཙ་ན་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གིས་ནང་ཆོས་གོ་བསྡུར་དང་བགྲོ་གླེང་སོགས་ལ་བསྔགས་བརྗོད་རྒྱ་ཆེ་མཛད་དོན། ཁྱེད་ཚོས་སྒྲིག་འཛུགས་ཤིག་བཙུགས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་ལས་ཀ་བྱེད་བཞིན་པ་དེར་ངོས་ཀྱིས་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ང་ཚོས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་ངོས་ཀྱི་རྒྱུན་དུ་བརྗོད་ཀྱི་ཡོད། དུས་རབས་ཉི་ཤུ་རྩ་གཅིག་གི་ནང་པ་ཟེར་ན། ནང་ཆོས་ལ་དད་པ་ཙམ་གྱི་རྗེས་སུ་མ་འབྲངས་བར་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པ་བྱ་རྒྱུ་དེ་རེད། ཁྱེད་ཚོའི་མུ་མཐུད་ནས་དེ་ལྟར་བྱོས། དེ་བཞིན་ཧི་མཱ་ལ་ཡའི་རི་རྒྱུད་དུ་གནས་པའི་ཡུལ་མི་ཚོས་ཁོར་ཡུག་སྲུང་སྐྱོབ་ཐོག་ངེས་པར་དོ་སྣང་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཁག་གཅིག་ལ་བཀའ་ལན་མཛད་ཡོད་པ་བཅས། །