ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་ཨུཏྟར་ཁནྜ་མངའ་སྡེའི་རི་ལྗོངས་གྲོང་ཁྱེར་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཁུལ་གྲགས་ཅན་མ་སུ་རིར་རྟེན་གཞི་བྱས་པའི་ལྦན་བྷག་ཨལ་ལཎ་ཞེས་པའི་ཨིན་ཇིའི་སློབ་གྲྭའི་ནང་གི་བོད་པའི་སློབ་ཕྲུག་ཁག་གཅིག་ལ་ཐུགས་བརྩེ་ཆེན་པོས་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་གལ་བཀའ་སློབ་སྩལ་དོན།
སློབ་ཕྲུག་ཁྱེད་རང་ཚོ་རིམ་བཞིན་སློབ་སྦྱོང་བྱས་ནས་སློབ་མཐར་སོན་པའི་རྗེས་སུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་སྒོས་སུ་གཞིས་བཞུགས་བོད་མི་ཚོའི་ཆེད་དུ་ཞབས་འདེབས་བསྒྲུབ་ཐུབ་པར་སེམས་ཤུགས་སྐྱེ་དགོས། དེ་ལྟར་ཞབས་འདེགས་བསྒྲུབ་པར་བོད་ཡིག་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཁྱད་པར་དུ་འཛམ་གླིང་འདིའི་ཐོག་ལ་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་སེམས་ཁམས་རིག་པ། དེ་བཞིན་གཏན་ཚིགས་རིག་པ་བཅས་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་རྒྱག་དགོས་ན་བོད་ཀྱི་སྐད་ཡིག་ཡག་ཤོས་ཡིན་སྟབས་ཁྱེད་རང་ཚོའི་བོད་ཡིག་ལ་སློབ་སྦྱོང་བྱེད་དགོས། ཞེས་ལམ་སྟོན་བསྩལ་འདུག
ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་ནང་པའི་ལྟ་གྲུབ་དེ་དག་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པས་དེ་རྣམས་སློབ་ཁྲིད་གནང་དགོས་གལ་དང་། ལྷག་པར་དུ་དེང་སྐབས་ཚན་རིག་པ་ཆོས་ལ་དོ་སྣང་མེད་མཁན་ཚོས་ཀྱང་ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་བཤད་སྐབས་དོ་སྣང་ཆེན་པོ་གནང་གི་ཡོད་སྐོར་བཀའ་སློབ་བསྩལ་བ་མ་ཟད། མགོན་པོ་མཆོག་གིས་དེང་སྐབས་ཆོས་ལུགས་དང་མ་འབྲེལ་བའི་རིས་མེད་བཟང་སྤྱོད་ཀྱི་སློབ་གསོ་དེང་དུས་ཤེས་ཡོན་ལམ་ལུགས་ནང་འཇོག་ཐབས་མཛད་བཞིན་པ་དང་། དེ་དག་གཙོ་ཆེར་རྒྱ་གར་གནའ་རབས་ཀྱི་ཞི་གནས་དང་ལྷག་མཐོང་སོགས་ལ་གཞི་བཅོལ་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་ཡོང་ཐབས་མཛད་བཞིན་ཡོད་སྐོར་དང་། གཞོན་སྐྱེས་ཚོས་ཀྱང་དེ་དག་ཐོག་ཤུགས་རྒྱག་དགོས་པའི་ལམ་སྟོན་བཀའ་སློབ་མཛད་པ་བཅས། །