༢༠༡༩ ཟླ་ ༡༠ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་ཅན་དི་གྷར་དུ་མཐོ་སློབ་ཀྱི་དགེ་ལས་སློབ་མ་རྣམས་ལ་བཟང་སྤྱོད་སོགས་༸སྐུའི་རླབས་ཆེན་གྱི་མཛད་འགན་གཙོ་བོའི་སྐོར་ཙམ་མ་ཟད། ལྷག་པར་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་བསླབ་བྱ་སློབ་འཁྲིད་བྱེད་དགོས་གལ་བཀའ་སློབ་སྩལ་འདུག
ཕྱོགས་མཚུངས་སིག་ཆོས་ལུགས་ཀྱི་གསོལ་གཏོད་པ་པོ་གུ་རུ་ནཱ་ནག་མཆོག་གི་འཁྲུངས་སྐར་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའ་སློབ་སྩལ་བ་སོགས་མཛད་འཆར་ཁག་རེ་ཞིག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༡༦ སྔ་དྲོ་ཆུ་ཚོད་ ༩།༣༠ ཡོལ་ཙམ་ལ་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་འདུག
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅིཏ་ཀ་ར་མཐོ་སློབ་Chitkara Universityཏུ་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་རྒྱལ་སྤྱིའི་གོ་ལའི་འདུ་ཚོགས་ཐེངས་ ༡༡ དབུ་འབྱེད་མཛད་པ་དང་སྦྲགས་བཀའ་སློབ་སྩལ་བ་དང་། མཐོ་སློབ་དེས་ཀྱང་མགོན་པོ་གང་ཉིད་ལ་མཁས་པའི་མཚན་གནས་ཀྱི་ཕྱག་འཁྱེར་འབུལ་ལམ་ཞུས་འདུག ཕྱི་ཉིན་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིག་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་གུ་རུ་ནཱ་ནག་མཆོག་སྐུ་འཁྲུངས་ནས་མི་ལོ་ ༥༥༠ འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་ནས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་ཉམས་ལེན་དགོས་གལ་སྐོར་བཀའ་སློབ་སྩལ་འདུག
དེ་ཡང་མཛད་འཆར་ལྟར་ན། ཕྱི་ཟླ་ ༡༡ ཚེས་ ༤ ནས་ ༦ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཉིན་གྲངས་གསུམ་རིང་ཤེས་རབ་སྙིང་པོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་འདུག་པ་བཅས།