༢༠༡༩ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཨི་ཐོ་པི་ཡའི་སྲིད་བློན་མཆོག་ལ་འཚམས་འདྲི་མཛད་འདུག
དེ་ཡང་ནོ་བེལ་གཟེངས་རྟགས་ཚོགས་ཆུང་གིས་ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༩ ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་གླིང་ཆེན་ཨ་ཕི་རི་ཀའི་ཨི་ཐོ་པི་ཡའི་Ethiopia ཡུལ་གྱི་སྲིད་བློན་ཨ་བྷེ་ཨེ་མ་དི་ཨ་ལི་Abiy Ahmed Ali མཆོག་ལ་འབུལ་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་གནང་འདུག དེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་བློན་མཆོག་ལ་འཚམས་འདྲི་མཛད་དོན།
” ཨི་ཐོ་པི་ཡ་Ethiopia ཡུལ་དང་ཁྱིམ་མཚེས་རྒྱལ་ཁབ་ཨི་རི་ཊི་རི་ཡའི་Eritrea དབར་འདུམ་འགྲིག་ཡོང་ཐབས་ཆེད་ཡུན་རིང་ནས་འབད་བརྩོན་གནང་འབྲས་སུ་ད་ཆ་ཡུལ་གཉིས་འཆམ་མཐུན་ངང་ཞི་བདེ་མཉམ་གནས་ཐུབ་པ་དེས་ཡུལ་གཉིས་ཙམ་མ་ཟད། འཛམ་གླིང་གཞན་ལའང་མིག་དཔེ་བཟང་པོ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད། སྐུ་ཉིད་ནས་གླིང་ཆེན་ཨ་ཕི་རི་ཀའི་ཤར་ཕྱོགས་དང་། བྱང་ཤར་ས་ཁུལ་དུ་ཞི་བདེའི་ཁོར་ཡུག་སྐྲུབ་ཐབས་ཆེད་འབད་བརྩོན་གནང་བཞིན་པ་དེས་ངོས་ལའང་བློ་སྐྱེད་ཆེན་པོ་ཐོབ་བྱུང་།
སྐུ་ཉིད་ནས་ཨི་རི་ཊི་རི་ཡའི་ཡུལ་གྱི་སྲིད་འཛིན་སྐུ་ཞབས་ཨི་ས་ཡི་སི་ཨབ་ཝར་ཀི་ Isaias Afwerki མཆོག་དང་འབྲེལ་བ་གནང་སྟངས་དང་། སྲིད་འཛིན་མཆོག་ནས་ཀྱང་དེར་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་གནང་བ་དེ་དག་ལ་བརྟེན་ནས་འཁོན་འཛིན་སྤངས་པའི་འཆམ་མཐུན་གྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ་པ་བྱུང་ཡོད། རྣམ་པ་གཉིས་ཀྱིས་ཞལ་ནས་གསུངས་པ་ཙམ་མིན་པར་ངོ་ཐོག་ཕྱག་ལེན་ཐོག་ནས་ཞི་བདེ་བསྐྲུན་གནང་ཡོད། དེས་གང་མཚོན་བཞིན་ཡོད་པ་བརྗོད་ན། དོན་དམ་འཁོན་འཛིན་སྤངས་ཏེ་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་རྒྱུའི་ཀུན་སློང་རྣམ་པར་དག་པ་ཞིག་ཡོད་ཚེ་ཞི་བདེའི་ཁོར་ཡུག་སྐྲུན་ཐུབ་ངེས་ཡིན་པའི་བརྡ་ལན་གསལ་པོ་ཞིག་བཏང་གནང་བ་རེད།
ཕྱོགས་མཚུངས་སྐུ་ཉིད་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གནང་ཆེད་ཨི་ཐོ་པི་ཡའི་ཡུལ་དུ་ཤིང་སྣ་གང་མང་འདེབས་འཛུགས་ཀྱི་ལས་འཆར་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ངོས་ལའང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ” ཞེས་སོགས་འཁོད་འདུག