ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༣ རེས་གཟའ་ཉི་མའི་ཉིན་བཞུགས་སྒར་རྡ་ས་ནས་ཅན་རྡི་སྒར་དུ་ཆིབས་བསྒྱུར་བསྐྱང་གཏན་འཁེལ་འདུག
དེ་ཡང་མཛད་འཆར་ལྟར་ན། ཕྱི་ཚེས་ ༡༤ རེས་གཟའ་ཟླ་བའི་ཉིན་པན་ཇབ་མངའ་ཁོངས་རཱཇ་པུ་རར་ཡོད་པའི་ཅིཏ་ཀཱ་ར་གཙུག་ལག་སློབ་ཁང་ Chitkara University, Rajpura, Punjab དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་ནས་ཁུལ་དེར་དགེ་སློབ་རྣམས་ལ། དེང་དུས་ཀྱི་ཤེས་ཡོན་སློབ་ལམ་ལུགས་ནང་ཀུན་ཁྱབ་བཟང་སྤྱོད་དགོས་གལ་སྐོར་སྐར་མ་ ༤༠ ཙམ་རིང་བཀའ་སློབ་སྩལ་རྒྱུ་དང་།
ཕྱི་ཚེས་ ༡༥ རེས་གཟའ་མིག་དམར་ཉིན་གྲོང་ཁྱེར་མོ་ཧ་ལི་དང་ལུ་རྡི་ཡ་ནའི་དབར་གྱི་གཞུ་ལམ་འཁེལ་སར་རྟེན་གཞི་བྱས་པའི་ཅན་རྡི་སྒར་གཙུག་ལག་སློབ་ཁང་ Chandigarh University, Ludhiana དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་ནས། དེང་དུས་ཤེས་ཡོན་སློབ་ལམ་ལུགས་ནང་རིས་མེད་བཟང་སྤྱོད་དགོས་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཁུལ་དེར་མཛད་རིམ་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༡༦ རེས་གཟའ་ལྷག་པའི་ཉིན་ཅན་རྡི་སྒར་ནས་བཞུགས་སྒར་ཕོ་བྲང་དུ་ཆིབས་ཐོན་མཛད་རྒྱུ་ཡིན་འདུག་པ་བཅས། །