༢༠༡༩ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༣ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༡༠ ཚེས་ ༡༩ ནས་ཉིན་གྲངས་གཉིས་རིང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་། ཐེ་སྡོད་བོད་རིགས་ཚོགས་པ་མཉམ་འབྲེལ་ཐོག་ཐུན་མོང་གི་གཞི་རྟེན་འཚོལ་བ་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་གི་བགྲོ་གླེང་ཚོགས་འདུ་སྐོང་ཚོགས་གནང་ཡོད་པ་རེད། ཐེངས་འདིའི་བརྗོད་གཞི་གཙོ་བོ་༼རྒྱ་ནག་མི་རིགས་ཀྱི་གནད་དོན་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞི་༽ཞེས་པའི་བརྗོད་གཞིའི་ཐོག་རྩོམ་ཡིག་སྒྲོག་སྦྱང་གནང་ཡོད།
ཚོགས་ཐེངས་དང་པོ་དམིགས་བསལ་གཏམ་བཤད་ཀྱི་ལེ་ཚན་ཡིན་པ་དང་། ཧོང་ཀོང་གྲོང་ཁྱེར་སློབ་ཆེན་དགེ་ཆེ་ཟུར་པ་སྐུ་ཞབས་ལིའུ་ཧན་ཁྲིང་( Hon Shiang Lau) ལགས་ཀྱིས་༼བོད་ནི་གནའ་སྔ་མོ་ནས་བཟུང་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་༽ཞེས་པའི་བརྗོད་གཞིའི་ཐོག་གཙོ་བོ་རྒྱ་ནག་གཞུང་གིས་ངོས་ལེན་ཡོད་པའི་ཡིག་ཆ་དང་། ས་ཁྲ་ཁག་ལ་གཞི་བཅོལ་ཏེ་བོད་རྒྱ་ཁོངས་མིན་པའི་ཁུངས་འཕེར་ར་སྤྲོད་གསལ་པོ་གནང་ཡོད། ཚོགས་ཐེངས་གཞན་ཁག་གི་བརྗོད་གཞི་གཙོ་བོ་ནི། རྒྱ་ནག་གི་མི་རིགས་གནད་དོན་ཏེ་སོག་པོ་དང་། བོད། ཐེ་ཝན་གྱི་གདོད་མའི་རིགས། དེ་བཞིན་རྒྱ་ནག་གི་མི་རིགས་སྲིད་བྱུས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞི་བའི་ཆིངས་ཡིག་ཅེས་པ།
ཉིན་གཉིས་པའི་ཚོགས་ཐེངས་ཁག་ནང་ཁྲིམས་ལུགས་དང་རིག་གཞུང་གི་ཐོག་ནས་རྒྱ་ནག་ནུབ་ཁུལ་གྱི་མི་རིགས་སྲིད་བྱུས་ཞེས་པ་དང་། ཤར་ཏུར་ཀི་སི་ཏན་གྱི་ད་ལྟའི་གནས་བབ། ཧོང་ཀོང་ནང་ཁྲིམས་འགལ་དྭོགས་ཡོད་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་འཆར་སོགས་ཀྱི་སྐོར་ལ་བོད་མི་དང་། སོག་པོ། ཤར་ཏུར་ཀི་སི་ཐན་མི་རིགས། ཧོང་ཀོང་ཡུལ་མི། རྒྱ་ནག་སྐམ་སའི་ཡུལ་མི། ཐེ་ཝན་བ་སོགས་མི་གྲངས་ཉི་ཤུ་ནས་རྩོམ་ཡིག་སྒྲོག་སྦྱང་གནང་ཡོད། བགྲོ་གླེང་གནང་མཁན་མང་ཆེ་བ་སློབ་ཆེན་གྱི་དགེ་ཆེ་ཡིན་པ་དང་། བརྗོད་གཞི་དང་མི་རིགས་འདྲ་མིན་སུ་ཡིན་རུང་གཅིག་བསྒྲགས་ངང་རྒྱ་ནག་གུང་ཁྲན་རིང་ལུགས་ཀྱི་སྲིད་དབང་འོག་གྲངས་ཉུང་མི་རིགས་དང་། ཆོས་དད་མི་སྣར་དཀའ་སྡུག་འཕྲད་བཞིན་ཡོད་པ་གཅིག་མཚུངས་ངོས་འཛིན་དང་། དེ་མིན་ལོ་རྒྱུས་དང་འབྲེལ་བའི་ནང་དོན་ཡིན་པ་རེད།
ཐེངས་འདིར་དགེ་རྒན་ཆེན་མོ་བ་སྐུ་ཞབས་ལིའུ་ཧན་ཁྲིང་ལགས་ཀྱིས་ལོ་བཅུ་ཙམ་རིང་རྒྱ་ནག་གཞུང་གིས་ངོས་ལེན་ཡོད་པའི་རྒྱ་ཡིག་ཡིག་ཆ་རྙིང་པ་འཚོལ་ཞིབ་གནང་བ་གཞིར་བཞག་གིས་བྲིས་པའི་༼རྒྱ་ནག་གཞུང་འབྲེལ་ཡིག་ཆ་ལས་བོད་ཀྱི་རང་བཙན་གནས་བབ་ར་སྤྲོད་༽ཅེས་པའི་དེབ་སྟོད་ཆ་དབུ་འབྱེད་དང་ངོ་སྤྲོད་གནང་། དེབ་འདིར་རྒྱ་ཡིག་ཡིག་འབྲུ་ལྔ་འབུམ་ལྔ་ཁྲི་ལྷག་དང་། ཤོག་གྲངས་ ༨༣༠ ཡོད་ཅིང་། ནང་དོན་གཙོ་བོ་མིང་རྒྱལ་རབས་དང་། ཆིང་རྒྱལ་རབས་དུས་བོད་ནི་རྒྱལ་རབས་དེ་གཉིས་ཀྱི་མངའ་ཁོངས་མིན་པ་ཁུངས་སྐྱེལ་ར་སྤྲོད་གནང་ཡོད་པ་རེད།
ལོ་རྒྱུས་རྒྱལ་རབས་དེབ་ཐེར་འདི་བཞིན་བོད་ཀྱི་ལོ་རྒྱུས་ཐོག་གལ་གནད་ཆེ་བའི་ཡིག་ཆ་ཞིག་ཆགས་ཡོད་སྟབས། རྩོམ་པ་པོ་སྐུ་ཞབས་ལིའུ་ཧན་ཁྲིང་ལགས་ཀྱིས་ཚེས་ ༢༡ ཉིན་ཐེ་ཝན་གྱི་དབུས་རླུང་འཕྲིན་ཁང་བརྒྱུད་དེབ་ཐེར་སྐོར་ངོ་སྤྲོད་དང་། རླུང་འཕྲིན་དེ་གཙོ་བོ་རྒྱ་ནག་སྐམ་སའི་གྲོང་ཁྱེར་ཁག་ནང་གཏོང་གི་ཡོད་པ་རེད། དེ་བཞིན་ཚེས་ ༢༣ ཉིན་ཐེ་ཝན་ཀྲུང་ཤིན་གཙུག་ལག་སློབ་ཆེན་དང་། ཚེས་ ༢༤ ཉིན་ཅཱིང་དབྱི་གཙུག་ལག་སློབ་ཆེན་ནང་ལེགས་སྦྱར་ངོ་སྤྲོད་གནང་ཡིན་རྒྱུ་ཡིན་བཅས།