ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༨ ཉིན་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱི་གོ་སྒྲིག་འོག་ལུས་སེམས་སྲོག་གི་ཚོགས་ཆེན་ཐེངས་བཅུ་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། ཐེངས་འདིར་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི། རྒས་པའི་སེམས་ཁམས་གསོ་སྐྱོང་། ཞེས་པ་ཡིན་ཞིང་། ནང་པའི་སེམས་ཁམས་རིག་པ་དང་། བོད་ཀྱི་གསོ་བ་རིག་པ། རྒྱ་གར་ཚེ་ཡི་རིག་བྱེད་(ཨ་ཡུར་ཝེ་དྷ།) བོད་རྩིས་རིག་པ། ཧོ་མིའོ་པེ་ཐི། སིདྷ། ཡུ་ན་ཎི། ནུབ་ཕྱོགས་ཚན་རིག རྣལ་འབྱོར་(ཡོ་ག) བཅས་རིག་གཞུང་སྡེ་ཁག་དགུའི་མཁས་དབང་རེ་གདན་ཞུས་ཀྱིས་ཉིན་གྲངས་གསུམ་རིང་བགྲོ་གླེང་གནང་རྒྱུ་ཡིན་འདུག
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། བོད་ཀྱི་སྨན་རྩིས་ཁང་གི་ངེས་སྟོན་པ་བཀྲ་ཤིས་ཚེ་རིང་ལགས། གདན་ཞུས་གཏམ་བཤད་གནང་མཁན་རྣམ་པ། དགོན་སྡེ་ཁག་གི་སྐུ་ཚབ། འབྲེལ་ཡོད་ལས་བྱེད་དང་སྨན་སློབ། ཚོགས་བཅར་བ་བཅས་ཁྱོན་མི་གྲངས་ ༢༥༠ བརྒལ་བ་ལྷན་ཚོགས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་བསྟུན་གཡུ་ཐོག་གསོལ་འདེབས་རྟ་དབྱངས་གསུང་འདོན་དང་འབྲེལ་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་ལུས་སེམས་སྲོག་གི་འགན་འཛིན་སྨན་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོས་ལུས་སེམས་སྲོག་གི་དཔེ་དེབ་དབུ་འབྱེད་གནང་སྟེ་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ལུས་སེམས་སྲོག་གི་ཚོགས་ཆེན་ཐེངས་བཅུ་པ་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ལུས་སེམས་སྲོག་གི་སྡེ་ཚན་ནི་ཕྱི་ལོ་ ༢༠༡༣ ལོར་གསར་བཙུགས་གནང་འདུག ད་བར་བགྲོ་གླེང་ཚོགས་ཆེན་ཐེངས་དགུ་ཚོགས་ཟིན་པ་དང་ད་ཐེངས་ཐེངས་བཅུ་པ་ཆགས་ཀྱི་ཡོད། ལས་གཞི་ག་འདྲ་ཞིག་ཡིན་རུང་ཐོག་མར་འགོ་བཙུགས་དུས་ཧ་ཅང་དཀའ་ལས་ཁག་པོ་ཡོད་པ་མ་ཟད། མུ་མཐུད་རྒྱུན་གནས་ཐུབ་རྒྱུ་དེ་བས་ཀྱང་དཀའ་ལས་ཁག་པ་ཡོད། ད་བར་རྒྱུན་གནས་ཐུབ་པ་ཙམ་མ་ཟད་ལམ་ལྷོངས་ལྡན་པའི་ཐོག་ནས་གྲུབ་འབྲས་ཆེན་པོ་སྨིན་པ་ནི་རླབས་ཆེན་གྱི་བྱས་རྗེས་ཤིག་རེད། དེར་བརྟེན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་གྱིས་དབུས་ལུས་སེམས་སྲོག་གི་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་ཡོངས་ལ་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བཙན་བྱོལ་ནང་སྨན་རྩིས་ཁང་ཐོག་མར་བསྐྱར་གསོ་བྱེད་སྐབས་སྨན་པ་གཅིག་དང་སློབ་ཕྲུག་བཞི་ལས་མེད་པ་དང་། ད་ལྟའི་ཆར་བོད་ཀྱི་སྨན་རྩིས་ཁང་གིས་འཛམ་གླིང་ཡོངས་ལ་འཕྲོད་བསྟེན་ཐོག་རླབས་ཆེན་གྱི་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་ཡོད། མི་ཐོག་རྒན་པ་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་དཀའ་ལས་བརྒྱབ་སྟེ་རིམ་པས་ཡར་རྒྱས་ཕྱིན་ནས་ང་ཚོ་ནི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཐུབ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། །