ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །དེ་རིང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ ༥༩ ཧྲིལ་པོ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་བཅས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། དྲུང་ཆེ་དང་འགན་འཛིན་རྣམ་པ། ཕྱི་ནང་གི་སྐུ་མགྲོན་རྣམ་པ། བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་མཆོག་དང་། འགན་འཛིན་སློབ་སྤྱི་དགེ་ལས་རྣམ་པ། བརྩེ་བའི་སློབ་ཕྲུག་རྣམ་པ། རྒྱ་ཆེའི་མང་ཚོགས་བཅས་ལ་ད་རེས་དགའ་སྟོན་གྱི་ཉིན་མོ་སྲུང་བརྩི་ཞུ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་ནས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་དྲག་པོས་དབང་འཛིན་བྱས་ཏེ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་བརྒྱད་ཙམ་རྒྱ་གར་དུ་བཙན་བྱོལ་ཕེབས་དགོས་བྱུང་སྟེ་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱུར་དགོས་པའི་ཡིད་སྐྱོའི་གནས་ཚུལ་རྒྱལ་རབས་ལོ་རྒྱུས་ནང་དཀའ་སྡུག་ཆེ་ཤོས་ཀྱི་ལེའུ་ཞིག་ཏུ་གྱུར་ཡོད། བཙན་བྱོལ་དུ་ཕེབས་རྗེས་༸གོང་ས་མཆོག་གི་དབུ་འཁྲིད་ལམ་སྟོན་འོག་བོད་མི་རིགས་རིག་གཞུང་དང་བཅས་པ་འཛམ་གླིང་འདིའི་སྟེང་གསོན་གནས་ཐུབ་ཐབས་སུ། བུ་ཕྲུག་ཚོར་གནའ་དེང་གི་ཤེས་ཡོན་སྤྲོད་རྒྱུ་དེ་བཞིན་གལ་ཆེ་ཤོས་ཤིག་ཏུ་རྩ་འཛིན་གནང་སྟེ། སློབ་སྡེ་གསར་འཛུགས་ཕྱག་བཞེས་གནང་བའི་ནང་གསེས་ཤིག་ཏུ། བོད་ཕྲུག་ཁྱིམ་སྡེ་འདི་ཡང་བཞུགས་སྒར་རྡ་རམ་ས་ལར་ཕྱི་ལོ་ ༡༩༦༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་ཇི་ཕེབས་ཀྱི་དགོངས་དོན་བཞིན་དབུ་འཛུགས་གནང་།
སྐབས་དེར་༸སྐུའི་གཅེན་མོ་ཞིང་གཤེགས་དམ་པ་ཚེ་རིང་སྒྲོལ་མ་མཆོག་ནས་དབུ་འཁྲིད་གནང་བ་དང་། དེའི་རྗེས་སྐུའི་གཅུང་མོ་ལྷ་སྐུ་རྗེ་བཙུན་པདྨ་མཆོག་ནས་ཐུགས་འགན་བཞེས་ཏེ། སྐུ་ཚེ་ཧྲིལ་པོར་བུ་ཕྲུག་ཚོའི་བདེ་དོན་ཆེད་གཏོང་གནང་མཛད་པ་སོགས། ༸གོང་ས་མཆོག་གི་བཀའ་དགོངས་འགལ་མེད་འོག དུས་བསྟུན་དགོས་གལ་དང་བསྟུན་ནས་རྒྱ་སྐྱེད་འཛུགས་བསྐྲུན་གནང་། མདོར་ན། དུས་ད་ལྟ་བར་དུ་བོད་ཁྱིམ་སྤྱི་ཡོངས་ཐོག་འགན་འཁུར་རྐང་བཞེས་གནང་མཁན་གྱི་འགོ་ལས་འཁྱུར་ཟིན་པ་དང་མུ་མཐུད་ལས་འཁུར་གནང་བཞིན་པ་རྣམས་ལ་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་སྙིང་དབུས་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བ་ལྟར་བོད་ཀྱི་སྐད་ཡིག་གི་ཤེས་ཡོན་རྣམས་ངེས་པར་དུ་ཡོད་དགོས་པས། མ་འོངས་པར་ཡང་བོད་ཁྱིམ་དབུ་ལས་རྣམ་པས་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་བྱུས་འདི་ཉིད་ཁྱབ་ཁོངས་སློབ་གྲྭ་ཁག་ཡོངས་ནས་ཕྱག་བསྟར་མཐིལ་ཕྱིན་པ་མིག་དཔེར་འོས་པ་གནང་རྒྱུར་གསལ་འདེབས་ནན་པོ་ཞུ་རྒྱུ་ཡིན།
དེང་སྐབས་བོད་ཁྱིམ་སློབ་གྲྭ་ཁག་དང་། ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་ནང་སློབ་ཕྲུག་གི་གྲངས་ཚད་ཇེ་ཉུང་དུ་འགྲོ་བཞིན་པར་ཁ་གསབ་བྱ་ཐབས་མེད་པས་སློབ་གྲྭ་ཟླ་སྒྲིལ་གྱིས་བོད་ཕྲུག་རྣམས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཁོ་ནར་མ་དམིགས་པར་དོན་དངོས་ཤེས་ཡོན་ཐོག་སྤུས་ཚད་གོང་མཐོར་ཡོང་ཐབས་དང་། འཛིན་སྐྱོང་ཚགས་ཚུད་ཡོང་རྒྱུར་འབད་བརྩོན་གནང་དགོས་པ་ནི་དུས་ཀྱི་དགོས་མཁོར་མཐོང་བ་མ་ཟད། དགེ་རྒན་དང་ལས་བྱེད་རྣམ་པར་མཐུན་རྐྱེན་གང་ལེགས་སྦྱོར་རྒྱུར་སྤྱི་མཚུངས་ཕྱག་བསྟར་ཡོང་ཐབས་གནང་གལ། དེ་བཞིན་སློབ་ཕྲུག་རྣམས་ཀྱི་ལུས་སེམས་འཚར་ལོངས་བདེ་སྐྱིད་ཡོང་ཆེད་ཕ་མ་སོ་སོས་བུ་ཕྲུག་གི་གཙང་སྦྲ་འཕྲོད་བསྟེན་གང་ལེགས་གནང་དགོས་པ་མ་ཟད། སྨྱོས་རྫས་ངན་གོམས་དང་། ནད་རིགས་སྔོན་འགོག་གི་ལས་འཆར། ཤེས་ཡོན། ཀུན་སྤྱོད། སྤྱི་ཚོགས་ལ་འགན་ཁུར་སོགས་ཀྱི་ཐད་རྒྱུན་དུ་ནས་ཐུགས་སྣང་དང་། གཞན་ཡང་དགེ་ལས་ངོས་ནས་ཀྱང་བྱམས་དང་སྙིང་རྗེ་ཤ་ཚའི་ངོས་ནས་ཕྱག་བསྟར་གནང་རྒྱུས་མཚོན་ཕྱར་བ་གྲུ་འདེགས་ཀྱི་རམ་འདེགས་ཞུས་ཐུབ་ཚེ། མ་འོངས་པར་ང་ཚོ་བོད་གངས་ཅན་པའི་སོན་རྩ་བོད་ཕྲུག་སྤུས་ཚད་ལྡན་པ་ཤ་སྟག་ཡོང་ཐུབ་ངེེས་ལ་སོང་དེ་དོན་འབད་འབུངས་གནང་རྒྱུའི་སྐུལ་མ་ནན་ཏན་ཞུ་རྒྱུ་ཡིན།
གཞན་ཡང་བོད་ཁྱིམ་ངོས་ནས་མཐོ་སློབ་ཏུ་འགྲིམས་བཞིན་པའི་བོད་ཕྲུག་ཉམ་ཐག་རྣམས་ལ་ཤེས་ཡོན་གྱི་མཐུན་འགྱུར་གནང་དང་གནང་བཞིན་པར་བསྔགས་བརྗོད་དང་། ད་དུང་ཡང་སྔར་ལྷག་སློབ་ཡོན་འདང་ངེས་བཞིན་པ་གནང་དགོས་གལ་ཆེར་མཐོང་། བོད་ནང་ལ་རྒྱ་ནག་དམར་པོས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་གཏོང་རྒྱུའི་ངན་བྱུས་ཡོད་རྒུ་རྩལ་སྤྲུགས་བཏང་དང་གཏོང་མུས་ཡིན་རུང་། གཞིས་སུ་ཡོད་པའི་བོད་མི་རྣམས་ནས་ད་དུང་སེམས་ཤུགས་ཞུམ་པ་མེད་པར་རང་ནུས་གང་ཐུབ་ཀྱིས་བོད་ཀྱི་སྐད་ཡིག རིག་གཞུང་། མི་རིགས་དང་བཅས་པ་སྲུང་སྐྱོབ་སླད་དངོས་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་གནང་གི་ཡོད་པ་མིག་མཐོང་ལག་ཟིན་ཡིན་པར་སོང་། རང་ཅག་བྱེས་སུ་ཡོད་པའི་བོད་མི་རྣམས་ནས་ཁོང་རྣམ་པའི་འབད་འབུངས་གནང་བ་དག་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་དང་བཅས་མུ་མཐུད་བོད་མི་རྒན་གཞོན་བར་གསུམ་གྱི་ངོས་ནས་བོད་མི་རིགས་ཀྱི་རིག་གཞུང་རྣམས་གཅེས་ཉར་བྱ་རྒྱུར་ངེས་པར་དུ་ཐུགས་སྣང་གནང་དགོས་པའི་ནན་སྐུལ་ཞུ་རྒྱུ། ལོ་སྟར་ཆག་ནང་བོད་ཁྱིམ་དབུ་བརྙེས་པའི་ཉིན་མོར་སློབ་ཟུར་ནང་ཁུལ་འདུ་འཛོམས་ཞུ་རྒྱུས་མཚོན་སློབ་གྲྭའི་ནང་མཐུན་འགྱུར་རམ་འདེགས་ཞུ་དགོས་གང་ཡོད་སློབ་ཟུར་ནང་ཁུལ་གཟིགས་ཞིབ་གོ་བསྡུར་གྱིས་རོགས་དངུལ་ཐབས་འཚོལ་ལ་སོགས་པའི་ལམ་སྲོལ་བཟང་པོ་ཞིག་ད་བར་འགྲོ་མུས་ཡིན་འདུག་པ་དེར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་མུ་མཐུད་ཕྱག་བསྟར་རྒྱུན་སྐྱོང་གནང་གལ་ཆེ། མདོར་ན་ཡ་རབས་གཤིས་བཟང་དང་ཞི་དུལ་བག་ཡོད་ལྡན་པའི་བོད་མི་ཤ་སྟག་འབྱུང་ཐབས་སུ་དབུ་ལས་སློབ་ཕྲུག་དང་བཅས་པ་ཚང་མས་ད་ཕན་ཧུར་བསྐྱེད་གནང་ཡོད་ལ། ད་དུང་ཡར་རྒྱས་ལ་ཚད་མེད་པ་བཞིན་ཚང་མས་ལྷག་བསམ་རྣམ་དག་གིས་ནུས་པ་མཉམ་སྤུངས་ཀྱིས་དམ་འཛིན་དང་གཟབ་ནན་གནང་དགོས་པ་ཤིན་ཏུ་ནས་གལ་འགངས་ཆེན་པོར་གྱུར་ཡོད།
མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་སྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པ་དང་། བོད་ཕྲུག་ཁྱིམ་སྡེའི་ལས་དོན་མཐའ་དག་དར་རྒྱས་ཚགས་ཚུད་ཡོང་བ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༣ ལ། །