ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༠ ཉིན་སེར་བྱེས་འབྲིང་རིམ་སློབ་གྲྭས་གོ་སྒྲིག་ཞུས་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་རྣམ་དང་འབྲེལ་བའི་དྲི་བ་དྲིས་ལན་གྱི་ལས་རིམ་དང་། སློབ་ཕྲུག་ཚོས་སྙན་ངག་གྱེར་འདོན་འགྲན་སྡུར་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་གནང་འདུག སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་ཞལ་ཕྱེ་གནང་སྒྲུབ་རྗེས་སེར་བྱེས་མཁན་རིན་པོ་ཆེ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་ཞུས་པ་དང་། དེ་ནས་རིམ་བཞིན་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་བཅས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་ཞུས་འདུག དེ་རྗེས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་གསུང་བཤད་གནང་དོན། ཐོག་མར་ངས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས་ད་ལམ་སེར་བྱེས་འབྲིང་རིམ་སློབ་གྲྭའི་ངོས་ནས་འདི་ལྟ་བུའི་མཛད་སྒོ་གལ་ཆེན་པོ་ཞིག་གོ་སྒྲིག་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་། གོང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་གྱིས་གཙོས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་བཅས་ཀྱི་གསུང་འཕྲིན་གྱི་ནང་དོན་གཙོ་བོ་ཁག་ལ་སོ་སོའི་ངོས་ནས་གུས་འདུད་དང་རྒྱབ་སྐྱོར་ཞུ་བཞིན་ཡོད། ཅེས་གསུངས།
ཕྱོགས་མཚུངས་བཀའ་བློན་མཆོག་གིས་མུ་འཐུད་གསུང་དོན། སྐྱེས་ཆེན་དམ་པ་ཚོའི་འཁྲུངས་ཚེས་དང་གཤེགས་ཚེས། དེ་བཞིན་མཛད་པ་རྣམ་ཐར་ཆེ་ཁག་དེ་དག་ལ་དུས་དྲན་སྲུང་རྩི་ཞུ་རྒྱུ་དེ་ཕྱི་ནང་གཉིས་ཀའི་ལུགས་སྲོལ་དང་ཡོངས་སུ་མཐུན་པ་ཞིག་ཆགས་ཡོད། འོན་ཀྱང་གལ་ཆེ་ཤོས་དེ་མཛད་སྒོ་འདི་རིགས་གནང་བའི་སྐབས་ལ་དོན་སྙིང་དང་ལྡན་པ་ཞིག་ཡོང་ཐབས་གནང་དགོས་པ་ལས། ལམ་དང་ལུགས་སྲོལ་ལྟར་བྱས་ནས་འདྲ་ཆགས་པོ་ཙམ་ལས་དོན་སྙིང་ལྡན་པ་ཞིག་ཆགས་མ་ཐུབ་པའང་སྲིད་པ་ཞིག་རེད། ང་ཚོས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༦༠༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་གི་ཡོད། དེར་བརྟེན་གལ་ཆེ་ཤོས་དེ་རྗེ་རིན་པོ་ཆེས་མཛད་པ་གང་དང་གང་བསྐྱངས་པ་དེ་དག་གི་རྗེས་སུ་འབྲང་ནས་རྗེས་འཇུག་གདུལ་བྱ་ཚོར་མིག་དཔེ་བསྟན་ཐུབ་པ་ཞིག་བྱེད་དགོས་པ་དང་། མཛད་པ་དེ་དག་ལ་ང་ཚོས་སློབ་སྦྱོང་ཡང་དག་པ་བྱེད་རྒྱུ་དེ་གནད་ཀྱི་སྙིང་པོ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དབུ་བྱེད་མཛད་སྒོ་སྒྲུབ་རྗེས་ལྷོ་ཕྱོགས་དགེ་ལྡན་པའི་གདན་ས་ཆེན་པོ་གསུམ་གྱི་གྲྭ་ཚང་ཆེན་པོ་དྲུག་དང་། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་། རྫོང་དཀར་ཆོས་སྡེ་བཅས་ཀྱི་སློབ་གྲྭ་ཁག་དགུའི་སློབ་མ་རྣམས་ནས་རྗེ་བླ་མའི་རྣམ་ཐར་ལས་བརྩམས་ཏེ་བགྲོ་གླེང་ཆེན་མོའི་གཏམ་བཤད་འགྲན་སྡུར་གནང་ཡོད་པ་བཅས། །