ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཕུར་བུ་ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་བཅུ་བཞི་འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཚེ་དབང་ནོར་བུ་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་ལས་སློབ་ཕྲུག་རྣམ་པ། དེ་བཞིན་ཕ་མ་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་མཚམས་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར། དེ་རྗེས་འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་སློབ་ཕྲུག་རྣམས་ནས་དཔེ་སྟོན་དབུ་བརྙེས་པ་ཞེས་པའི་མཉམ་གཞས་གཟིགས་འབུལ་ཞུས།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་འཛིན་རིམ་དང་པོ་ནས་གསུམ་བར་གྱི་སློབ་མ་ཁག་གཅིག་གིས་བརྩམས་གནང་བའི་རྩོམ་ཐུང་བཞི་བཅུ་ལྷག་ཕྱོགས་སྒྲིག་གིས་དཔེ་སྟོན་བུ་རམ་ཞེས་པའི་དུས་དེབ་དབུ་འབྱེད་གནང་རྗེས་སློབ་སྤྱི་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་སློབ་གྲྭ་ནས་ཐོན་ཟིན་པའི་སློབ་ཕྲུག་རྣམས་ད་ལྟ་མཐོ་སློབ་སོགས་ཀྱི་ནང་བསྐྱོད་བཞིན་ཡོད་སྐོར་དང་། སློབ་གྲྭའི་ནང་བྱེད་སྒོའི་ཁག་གི་ངོ་སྤྲོད། དེ་སྔོན་ལས་བྱེད་རྒན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་པར་བརྟེན་ད་ཆ་སྤྱི་ཚོགས་ཁྲོད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཞེས་མཚན་སྙན་གྲགས་ཅན་ཞིག་ཡིན་སྐོར་སོགས་གསུངས།
དེ་ནས་འཛིན་རིམ་བཞི་པ་དང་ལྔ་པ་བཅས་ཀྱི་སློབ་ཕྲུག་རྣམས་ནས། བོད་ཡིག་བོད་མི་རིགས་ཀྱི་སྲོག་རྩ། ཞེས་པའི་སྙན་ངག་གྱེར་འདོན་གནང་རྗེས་འཛིན་རིམ་ལྔ་པ་ནས་བརྒྱད་པ་བར་གྱི་སློབ་མ་རྣམས་ནས་རིགས་ལམ་རྟགས་གསལ་བཏང་། དེ་རྗེས་སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱི་ལོ་ ༢༠༡༨ ལོའི་འཛིན་གྲྭ་དྲུག་པ་དང་། བདུན་པ། བརྒྱད་པའི་ནང་བོད་ཡིག་རྩེ་ཕུད་ཀྱི་སློབ་མ་རྣམས་ལ་ཤེས་རིག་ལས་ཁུངས་ནས་གནང་བའི་བྱ་དགའ་གསོལ་རས་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་སཾ་བྷོ་ཊའི་ཚོགས་པའི་ནང་ཕྱག་ལས་གནང་སྟེ་ལོ་ངོ་ ༢༠ ལྷག་འཁོར་བའི་དགེ་རྒན་གཉིས་ལ་ལེགས་སྐྱེས་ཕྱག་རྟགས་གནང་བ་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ ༡༤ འཁོར་བའི་དུས་ཆེན་ཐོག་སློབ་ཕྲུག་ངོས་ནས་སྙན་ངག་གྱེར་འདོན་དང་། རྟགས་གསལ་ལ་སོགས་ཀྱི་བྱེད་སྒོ་ཁག་ལྟ་སྐབས་རང་བཞིན་གྱི་སྤོབས་པ་ཤུགས་ཆེ་སྐྱེ་དགོས་པའི་ཚོར་སྣང་བྱུང་། ཐོག་མར་སློབ་གྲྭ་འགོ་བཙུགས་པའི་སྐབས་དཀལ་ངལ་ཕྲན་བུ་བྱུང་ཡོད་པ་རེད། ད་ལྟ་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ ༡༤ འཁོར་ཡོད་སྟབས། གང་ཅིའི་ཐད་ལ་ཡར་རྒྱས་དང་། སློབ་གྲྭ་འདི་བཞིན་མིང་དོན་མཚུངས་པའི་སློབ་གྲྭ་ཞིག་ཆགས་ཐུབ་ཡོད།
བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་འགན་ཁུར་གཙོ་བོ་བཞེས་པའི་ཐོག་ནས་ཤེས་ཡོན་སྲིད་བྱུས་བཟོ་འགོད་གནང་བ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་སྲིད་བྱུས་གལ་ཆེན་པོ་དེ་བཞིན་ལག་བསྟར་གནང་ཡུལ་གཅིག་ནི་དཔེ་སྟོན་སློབ་གྲྭ་ཆགས་ཡོད། དཔེ་སྟོན་སློབ་གྲྭའི་མཚན་བྱང་དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེནཔོ་མཆོག་གིས་སྩལ་བ་ཞིག་ཡིན། ཞེས་དང་།
གཞན་ཡང་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་དགེ་རྒན་ཙམ་མ་ཟད། ཕ་མས་ངོས་ནས་ཕྲུ་གུར་སློབ་གསོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། ཕ་མས་སོ་སོའི་ཕྲུ་གུ་བོད་པའི་སློབ་གྲྭ་ནང་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤང་གནང་། མཐར་སློབ་མ་རྣམས་ནས་ལོ་འཁོར་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་བཅས། །