ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བཀའ་ཤག་ཐུན་མོང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་རྒྱལ་ཁའི་ངང་སྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་དབུ་འབྱེད་མཛད་སྒོ་ཚོགས་པ་དང་། སྐབས་དེར་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་རྣམ་གཉིས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་སྤྱི་འཐུས་དང་། སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ། དེ་བཞིན་ཁྲི་ཟུར་དང་བཀའ་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་འགན་འཛིན་རྣམ་པ། ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པ། གཞུང་ཞབས་སྲི་ཞུ་བ་དྲུང་ཆེ་ཆུང་། སྲི་ཞུའི་ལས་བྱེད་སྡེ་ཚན་གཞན་ཁག་གི་སྐུ་ཚབ། རྒྱ་བལ་འབྲུག་གསུམ་གྱི་ས་གནས་འཐུས་མི་ཚོགས་འདུའི་སྐུ་ཚབ་དང་། ས་གནས་འགོ་འཛིན་རྣམ་པ། བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཁག་གི་སྐུ་ཚབ་རྣམ་པ། ས་འཐུས་མེད་པའི་ས་གནས་ཀྱི་སྐུ་ཚབ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་རིགས་ཚོགས་པའི་སྐུ་ཚབ་རྣམ་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་འཛམ་གླིང་རྒྱལ་ཁབ་ཁག་ ༢༤ ནས་ཚོགས་བཅར་བ་མི་གྲངས་ ༣༤༠ འདུ་འཛོམས་ཀྱིས་ཐོག་མར།
གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་རྣམས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སེར་སྦྲེངས་དང་བཅས་ཚོགས་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས། ཆེ་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བཅས་ཀྱིས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་དང་འབྲེལ་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས། རིམ་བཞིན་ཁྲིམས་ཞིབ་པ་གཞན་གཉིས་དང་། ཚོགས་གཞོན་མཆོག་བཅས་ནས་རྟེན་འབྱུང་མཇལ་དར་སྒྲོལ་འབུལ་གནང་།
དེ་རྗེས་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་རྣམས་ཀྱིས་ཤིས་བརྗོད་གསུང་འདོན་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་རྔ་རོལ་དང་བཅས་དབྱངས་སུ་གྱེར། དེ་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་རྗེས་དྲན་གྱི་མྱ་ངན་གུས་འདུད་ངག་གཅད་སྐར་མ་གཅིག་རིང་གནང་མཚམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཚོགས་ཆེན་དབུ་འབྱེད་ཀྱི་གསུང་བཤད་གནང་།
དེ་རྗེས་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། གོང་དུ་དཔལ་ལྡན་ཚོགས་གཙོ་མཆོག་གིས་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་གཉིས་ཐོག་གསུང་བཤད་གནང་བ་ལྟར། ཐོག་མར་བཀའ་ཤག་ནས་གྲོས་ཚོགས་སུ་རེ་འདུན་ཞུས་པ་བཞིན་ཐེངས་འདིར་དམིགས་བསལ་ཚོགས་ཆེན་ཐོག་བརྗོད་གཞི་གཙོ་བོ། བོད་མིའི་སྒྲིགས་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ལས་འཆར་དང། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མིའི་དབར་གྱི་འབྲེལ་བའི་སྐོར་བཅས་གཉིས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་གི་བྱུང་རིམ་ལྟར་ན། ཕྲན་རང་བཀའ་བློན་ཁྲི་པའི་དམ་འབུལ་རྗེས་༸རྒྱལ་བའི་གཟིམ་ཆུང་མཇལ་ཁ་ཡང་ཡང་བཅར་རྒྱུའི་སྐབས་ཐོབ་ཀྱི་ཡོད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ “ད་ཁྱེད་རང་གིས་ཆབ་སྲིད་ཀྱི་འགན་འཁྱེར་དགོས་པ་རེད། འཆར་གཞི་གང་གདིང་བ་ཡིན་ནའང་ངོས་རང་མེད་པ་ནང་བཞིན་བྱས་ནས་འཆར་གཞི་སྒྲིགས་ཤོག་ཨང་ ” ཞེས་བཀའ་སློབ་ཕེབས་ཡོད། ཕྲན་རང་བོད་མི་ཞིག་ཡིན་པ་དང་། གཉིས་ནས་ནང་པ་ཞིག་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་བརྩི་བཀུར་ཞུ་མཁན་ཞིག་ཡིན་པའི་ཆ་ནས་སོ་སོའི་བློ་ཡུལ་ལ་མ་ཤོང་བ་ལྟ་བུ་ཞིག་བྱུང་།
སེམས་པ་ཧ་ཅང་ལྗིད་པོ་ཆགས་པའི་བཀའ་སློབ་དེ་འདྲ་ཞིག་ཕེབས་པར་བརྟེན་བཀའ་ཤག་ཏུ་ཡིན་ནའང་བཀའ་བློན་གཞན་སུ་ལའང་དེའི་སྐོར་གང་ཡང་ཞུས་མེད། གཟིམ་ཆུང་མཇལ་ཁ་རིམ་པར་བཅར་བའི་སྐབས་སུ་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ཐེངས་མང་པོ་ཕེབས་སྟབས། ༸གོང་ས་མཆོག་གིས་བཀའ་སྒྲུབ་དགོས་པ་ནི་ངའི་འགན་རྩ་ཆེ་ཤོས་དེ་ཡིན་པར་བརྟེན་བསམ་བློ་མང་པོ་བཏང་མཐར་ལྔ་དང་ལྔ་བཅུ་འདི་བསམ་བློར་འཁོར་བྱུང་། མགོན་པོ་གང་ཉིད་མཆོག་ལ་མཚོན་ན། བོད་ཀྱི་རྩ་དོན་དང་། གཞིས་བྱེས་བོད་མིའི་གནས་སྟངས། བོད་མིའི་སྒྲིག་འཛུགས་བཅས་ཧ་ཅང་གལ་ཆེན་པོར་བརྩི་བཞིན་ཡོད།
དུས་རྟག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རེ་བ་བཟང་ས་ནས་རྒྱག་དགོས། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ལྟར། བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་རྩ་དོན་ཆེད་འབྱུང་འགྱུར་ལོ་ལྔའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་བའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱ་རྒྱུ་དང་། དེ་བཞིན་ལོ་ལྔ་བཅུའི་ནང་བོད་ཀྱི་རྩ་དོན་དང་། བོད་མིའི་སྒྲིག་འཛུགས། བོད་ཀྱི་ཐུན་མིན་སྐད་ཡིག་དང་། ཆོས། རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་ཐབས་བྱ་རྒྱུ་རེད།
ད་ཆ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུའི་མཛད་འཆར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པར་བརྟེན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་མཛད་འཕྲིན་བསྐྱངས་པ་དེ་དག་མི་ཉམས་གོང་འཕེལ་གཏོང་རྒྱུའི་འགན་བོད་མི་མང་ཚོགས་ལ་བབ་ཡོད། ཕྱོགས་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་སྒྲུབ་རྒྱུ་ནི་ང་ཚོའི་ལས་འགན་ཞིག་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ང་ཚོས་བྱེད་ཐུབ་པ་གང་ཡོད་པ་དེའི་ཐོག་དགོངས་པ་བཞེས་ནས་བཀའ་ཤག་གིས་འཆར་གཞི་བཏིང་བ་ཞིག་རེད།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་ལྟར། མགོན་པོ་གང་ཉིད་མཆོག་ནས་ཀྱང་དགུང་གྲངས་ ༡༡༠ ལྷག་སྐུ་འཚོ་བཞུགས་མཛད་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད། ཅེས་ཞུ་རྒྱུ་དང་།
གཞན་ཡང་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་ཐད་ཐེ་བྱུས་བྱ་རྒྱུའི་ཆབ་སྲིད་ཀྱི་རེ་སྟོང་བཅང་བཞིན་ཡོད་པ་དེ་དག་ལམ་ལྷོངས་ནམ་ཡང་ཡོང་རྒྱུ་མིན་སྐོར་སོགས་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་བསྟུན། ཚོགས་མི་རྣམས་སྡེ་ཚན་ཆ་བགོས་ལྟར་ཚོགས་ཆུང་ཚུགས་ཡུལ་སོ་སོར་ཕེབས་ནས་བསམ་འཆར་ཐོག་བགྲོ་གླེང་གནང་ཡོད་པ་བཅས། །