ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་ཚོགས་ཆེན་མཇུག་སྡོམ་མཛད་སྒའི་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་རྣམ་གཉིས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་སྤྱི་འཐུས་དང་། སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ། དེ་བཞིན་ཁྲི་ཟུར་དང་བཀའ་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་འགན་འཛིན་རྣམ་པ། ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པ། གཞུང་ཞབས་སྲི་ཞུ་བ་དྲུང་ཆེ་ཆུང་། སྲི་ཞུའི་ལས་བྱེད་སྡེ་ཚན་གཞན་ཁག་གི་སྐུ་ཚབ། རྒྱ་བལ་འབྲུག་གསུམ་གྱི་ས་གནས་འཐུས་མི་ཚོགས་འདུའི་སྐུ་ཚབ་དང་། ས་གནས་འགོ་འཛིན་རྣམ་པ། བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཁག་གི་སྐུ་ཚབ་རྣམ་པ། ས་འཐུས་མེད་པའི་ས་གནས་ཀྱི་སྐུ་ཚབ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ།
ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་རིགས་ཚོགས་པའི་སྐུ་ཚབ་རྣམ་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་འཛམ་གླིང་རྒྱལ་ཁབ་ཁག་ ༢༤ ནས་ཚོགས་བཅར་བ་མི་གྲངས་ ༣༤༠ འདུ་འཛོམས་ཀྱིས་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་འདི་བཞིན་གཟི་བརྗིད་དང་ལོ་རྒྱུས་ལྡན་པ་ཞིག་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐེངས་འདིའི་གྲོས་ཆོད་ནང་འཁོད་པ་ལྟར། ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ནང་བཏོན་པའི་ཡིག་ཆ་ ༥ པར་མཐའ་གཅིག་ཏུ་ངོ་རྒོལ་དང་མོས་མཐུན་མེད་པ་དང་། སྤྱན་རས་གཟིགས་དང་བོད་ཁ་བའི་ལྗོངས་དབར་ཁ་བྲལ་ཐབས་མེད་པའི་འབྲེལ་བ་ཡོད། ཕྱོགས་མཚུངས་༸གོང་ས་མཆོག་སྐུ་ཕྲེང་ན་རིམ་དང་བོད་མིའི་འབྲེལ་བ་བྲལ་ཐབས་མེད། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་གནད་དོན་ནི་མགོན་པོ་གང་ཉིད་མཆོག་ནས་ཐུགས་ཐག་གཅོད་གནང་མཛད་དགོས་པ་ཞིག་དང་། གཉིས་ནས་ཡང་སྲིད་ཀྱི་ལམ་ལུགས་ནི་བོད་ཀྱི་ཐུན་མོང་མིན་པའི་ལམ་ལུགས་ཤིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་གྱི་འགྲོ་སྟངས་ལྟར་བྱེད་དགོས་ཀྱི་ཡོད་པར་བརྟེན་རྒྱ་ནག་གཞུང་ནས་དེའི་ཐོག་ཐེ་བྱུས་བྱེད་མི་ཆོག ད་ལན་གྲོས་ཆོད་དེས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། རྩ་དོན་གཞིར་བཞག དེ་བཞིན་ཆོས་ཕྱོགས་བཅས་ཀྱི་ཐོག་ནས་རླབས་ཆེན་གྱི་བརྡ་ལན་ཞིག་བཏང་ཐུབ་པ་བྱུང་ཡོད།
ཕྱོགས་མཚུངས་བོད་ཕྱི་ནང་གི་བོད་མི་རྣམས་ལའང་རྡོག་རྩ་གཅིག་སྒྲིལ་དང་མཐུན་འབྲེལ། སེམས་ཤུགས་བསྐྱེད་རྒྱུའི་ཐད་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་རྒྱ་གར་གཙོས་པའི་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་སྟབས། ཐེངས་འདིར་སྤྱི་མོས་ཐོག་གཏན་ལ་ཕབ་པའི་གྲོས་ཆོད་བཞག་ཐུབ་པ་དེས་ལངས་ཕྱོགས་གསལ་པོ་ཞིག་བསྟན་ཡོད་སྟབས། རྒྱལ་ཁབ་གཞན་ཚོས་ཀྱང་བོད་ཀྱི་རྩ་དོན་དང་བོད་མིར་རྒྱབ་སྐྱོར་བྱེད་རྒྱུར་ལངས་ཕྱོགས་ཁ་གསལ་ཞིག་བསྟན་ཐུབ་པ་དེ་ནི་རླབས་ཆེན་གྱི་བྱས་རྗེས་ཤིག་རེད། ཅེས་དང་།
གཞན་ཡང་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ Tibet Policy and Support Act ཞེས་པ་གཏན་འབེབས་དགོས་པའི་ཁྲིམས་འཆར་ཞིག་ཨ་རིའི་གྲོས་ཚོགས་ནང་བཏོན་ཡོད། ཁྲིམས་འཆར་གསར་པ་དེའི་ནང་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ཨ་རིའི་གཞུང་གིས་སྲིད་བྱུས་ལངས་ཕྱོགས་གཏན་འབེབས་དགོས་པ་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་ངོས་འཛིན་ཞུ་དགོས། བོད་མིའི་སྒྲིག་འཛུགས་དང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ངོས་ལེན་ཞུ་དགོས་པ། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ། གཞུང་འབྲེལ་འབྲེལ་ལམ་འཛུགས་ཐབས་བཅས་ཡོད། གཞི་རྩའི་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་གླེང་སློང་བྱེད་སྐབས་རང་བཞིན་གྱིས་ཚོར་བ་ཤུགས་ཆེན་པོ་སྐྱེ་ཡོང་གི་ཡོད། གང་ཡིན་ཟེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པ་བོད་མིར་བཀའ་དྲིན་ཆེ་བ་སུ་ཞིག་མེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ལས་དོན་བསྒྲུབ་རྒྱུ་ནི་བོད་མི་མི་རེ་ངོ་རེར་འགན་ཡོད། དེར་བརྟེན་ཚང་མས་ངེས་པར་འབད་བརྩོན་གནང་དགོས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་རྩ་དོན་དང་བོད་མི་རྣམས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཞིག་ཡིན་སྟབས། བཀའ་ཤག་གིས་གྲོས་བསྡུར་ལྟར། འབྱུང་འགྱུར་ལོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ། ཞེས་སྲུང་བརྩི་ཞུ་གཏན་འཁེལ་ཡོད། ཕྱོགས་མཚུངས་ལོ་རྗེས་མར་མགོན་པོ་གང་ཉིད་མཆོག་དགུང་ལོ་ ༨༥ ཕེབས་ཀྱི་ཡོད་པ་དང་། ལོ་གསར་མཚམས་སུ་དགུང་སྐེག་དངོས་གཞི་རྫོགས་པ་རེད།
ང་ཚོ་བོད་མི་རྣམས་འཛམ་གླིང་རྒྱལ་ཁབ་འདྲ་མིན་དུ་སྐྱོད་སྐབས་མི་རིགས་གཞན་དང་ལྷན་དུ་དཔུང་པ་མཉམ་གཤིབས་བྱས་ནས་འགྲོ་བཞིན་ཡོད་པ་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ཞེས་དང་།
གཞན་ཡང་ལྔ་དང་ལྔ་བཅུའི་འཆར་སྣང་ལྟར། བོད་མིའི་སྒྲིག་འཛུགས་ཀྱིས་འཕྲལ་ཕུགས་རྒྱང་གསུམ་གྱི་ཐོག་ནས་ལས་གཞི་ལག་བསྟར་གནང་དང་གནང་མུས་ཡིན་སྐོར་དང་། མགོན་པོ་གང་ཉིད་མཆོག་གིས། བཙན་པོའི་དུས་ནས་ད་བར་བོད་མིའི་ཆིག་སྒྲིལ་གྱི་གནས་ཚད་དེ་བཞིན་མཐོ་ཤོས་ཤིག་ལ་སླེབས་ཡོད་སྐོར་བཀའ་སློབ་ཕེབས་པ་ལྟར། བོད་མི་ནང་ཁུལ་མཐུན་སྒྲིལ་དང་གཅིག་སྒྲིལ་གནང་དགོས་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འཛམ་གླིང་གི་རྒྱལ་ཁབ་ ༢༤ ནས་ཚོགས་བཅར་བ་ ༣༤༠ ལྷན་འཛོམས་ཀྱིས་སྙན་ཐོ་དེ་དག་ལ་གཟིགས་ཚེ། མང་ཆེ་བ་སྤྱི་མོས་ཐོག་ནས་སོང་ཡོད། དོན་དངོས་སུ་ང་ཚོའི་སྤྱི་ཚོགས་ནང་བསམ་བློ་གཏོང་སྟངས་དང་ལས་ཀ་ལས་སྟངས་གང་ཀྱི་ཐོག་ནས་རྡོག་རྩ་གཅིག་སྒྲིལ་ཡིན་པ་ཞིག་སྟོན་ཐུབ་པའི་ཚོར་སྣང་བྱུང་།
གཙོ་བོ་དེ་རིང་གི་བརྗོད་གཞི་༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མིའི་དབར་གྱི་འབྲེལ་བ་ཐོག་གྲོས་ཆོད་འཇོག་ཐུབ་པ་ནི། ཕྱི་ལོ་ ༡༩༦༠ ནས་བཟུང་མགོན་པོ་གང་ཉིད་མཆོག་གིས་བཀའ་ཕེབས་པར་ལྟར། དེ་རིང་ང་ཚོའི་ལངས་ཕྱོགས་གང་ཡིན་གསལ་པོ་བཟོ་ཐུབ་པ་བྱུང་ཡོད་པ་མ་ཟད། མ་འོངས་པར་མི་རབས་ནས་མི་རབས་རིམ་སོང་གིས་ང་ཚོའི་ལངས་ཕྱོགས་གསལ་པོ་བཟོ་ཐུབ་ཀྱི་རེེད་བསམ་གྱི་འདུག
སང་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོས་ཆོད་རྣམས་ལྷ་སྙན་སྒྲོན་འབུལ་ཞུ་རྒྱུ་ཡིན། ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་ལ་མང་ཆེ་བ་ཞིག་གི་དགོངས་ཚུལ་གཅིག་མཚུངས་ཆགས་བཞིན་འདུག དེ་དག་གི་ཁྲོད་དུ་ཁ་ཤས་ལག་བསྟར་གནང་དང་གནང་མུས་རེད།
ཐེངས་འདིའི་དམིགས་བསལ་ཚོགས་ཆེན་ཐོག་དགོངས་འཆར་གང་ཡོད་པ་རྣམས་ཚང་མར་ངོས་བཞེས་ཀྱིས་རྗེས་སུ་བཀའ་སྤྱི་གཉིས་ལྷན་འཛོམས་ཐོག་གོ་བསྡུར་གནང་བའི་ཐོག་མ་འོངས་པར་གསལ་བཤད་ཡོང་རྒྱུ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད།
དེ་ནས་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་སྦྲགས་ཐེངས་འདིའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལྟར་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །