ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཟླ་བའི་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༦ ཡོལ་ཙམ་ལ་གངས་སྐྱིད་བཀའ་ཤག་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་ལོ་ངོ་དྲུག་ཅུ་ཧྲིལ་པོ་འཁོར་བའི་ཉིན་མོ་དང་། རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མགྲོན་འབོད་ལྟར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སམ་བྷི་རོན་བྷེ་གི་ Sam Brownback མཆོག་དང་འབྲེལ་ཡོད་ཨ་རིའི་སྐུ་མགྲོན་ལས་བྱེད་ལྔ་ཕེབས་པ་རྣམས་ལ་བཀའ་ཤག་གི་མཇལ་འཕྲད་ཁང་དུ་དགོང་དྲོའི་གསོལ་ཚིགས་གོ་སྒྲིག་ཞུས་འདུག
དེ་ཡང་སྐུ་མགྲོན་རྣམ་པ་བཀའ་ཤག་ཏུ་ཕེབས་འབྱོར་བྱུང་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་བཀའ་བློན་རྣམ་པ་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཕྱི་དྲིལ་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས་གསོལ་ཚིགས་འདེགས་འབུལ་ཞུས་ཡོད།
སྐབས་དེར་སྲིད་སྐྱོང་མཆོག་མཆོག་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སམ་བྷི་རོན་བྷེ་གི་མཆོག་ལ་བཀའ་ཤག་གི་འཚམས་ཞུའི་མཇལ་དར་དང་ཕྱག་རྟགས་ཕུལ་འདུག་པ་བཅས། །