༢༠༡༩ ཟླ་ ༡༠ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས་ཕྱི་ཚེས་ ༡༥ སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་ལས་ཁུར་དམ་འབུལ་ཞུས་འདུག སྐབས་དེར་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་རྣམ་གཉིས། སྲིད་ཚབ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཚོགས་གཞོན་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དྲུང་ཆེ་འགན་འཛིན། སྲི་ཞུའི་ལས་བྱེད་བཅས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་ཚང་འཛོམས་ཐོག གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་ནས་ཤིས་བརྗོད་གསུངས།
དེ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་འདེམས་ཐོན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་༸རྒྱལ་བའི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜེལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས་འདེམས་ཐོན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་ལས་ཁུར་དམ་བཅའ་ཕུལ་འདུག དམ་འབུལ་ལེགས་པར་གྲུབ་མཚམས་འཁྱུར་ལ་ཉེ་བའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་ཁྲིམས་ཞིབ་པ་ཆེ་བར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས་འདུག ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་དམ་འབུལ་མ་དེབ་ཐོག་མཚན་རྟགས་བཀོད་གནང་རྗེས་ཚོགས་བཅར་བ་ཡོངས་ལ་རྟེན་འབྱུང་གྲོ་སོ་ཕྱེ་མར་དང་། ཆང་ཕུད། གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་བཅས།