ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་བཀའ་ཤག་མཇལ་འཕྲད་ཁང་དུ་མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བློ་བཟང་ཆོས་རྗེ་ལགས་དང་། ཚོགས་གཞོན་ཐུབ་བསྟན་འཕེལ་རྒྱས་ལགས། དྲུང་ཆེ་ངག་དབང་བློ་གྲོས་ལགས། དེ་བཞིན་ཚོགས་མི་གསར་རྙིང་བཅས་ཁྱོན་མི་གྲངས་དགུ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་༼བཙན་པོའི་ཕྱག་རྗེས།༽ ཞེས་པའི་གསེར་གྱི་གཟེངས་བསྟོད་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ལ་བཙན་པོའི་ཕྱག་རྗེས་ཞེས་པའི་རྒྱུ་ལི་ཁྲ་ལས་གྲུབ་པའི་གཟེངས་བསྟོད་ཕུལ་ཡོད།
དེ་ཡང་མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བློ་བཟང་ཆོས་རྗེ་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གསེར་གྱི་གཟེངས་བསྟོད་འབུལ་དགོས་པའི་སྐོར་ངོ་སྤྲོད་གསུང་བཤད་གནང་དོན། དཔལ་ལྡན་སྲིད་སྐྱོང་མཆོག་ཁམས་པ་ཡིན་པའི་ཆ་ནས་གསེར་གྱི་གཟེངས་བསྟོད་ཕུལ་བ་ཞིག་རྩ་བ་ནས་མིན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་གཞིས་བྱེས་བོད་མི་རྣམས་མཉམ་འཛོམས་བྱུང་ན་དགོངས་ནས་སྐུ་ལས་སྐྱོན་གནང་གི་ཡོད་སྟབས། མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མི་ཡོངས་ནས་གྲོས་བསྡུར་བྱས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གསེར་གྱི་གཟེངས་བསྟོད་ཕུལ་བ་ཞིག་ཡིན། ཞེས་དང་།
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ལ་རྒྱུ་ལི་ཁྲ་ལས་གྲུབ་པའི་གཟེངས་བསྟོད་ཕུལ་དགོས་དོན་གཙོ་བོ་ནི། མདོ་ཁམས་ཡུལ་ཤུལ་མངའ་ཁོངས་ནས་བཙན་བྱོལ་བོད་མིའི་བཀའ་བློན་དང་པོ་དེ་ཆགས་ཡོད་པ་མ་ཟད། མང་མོས་འོས་བསྡུ་གནང་སྟེ་ཁོང་ཕེབས་པ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་གི་ཡོད་པར་བརྟེན། ང་ཚོ་ངོས་ནས་འཕྲོད་བསྟེན་བཀའ་བློན་མཆོག་ལ་ཆེ་མཐོང་གི་ལི་ཁྲའི་གཟེངས་བསྟོད་ཕུལ་དོན་དེ་ཡིན། ཞེས་གསུངས། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསེར་གྱི་གཟེངས་བསྟོད་དང་འབྲེལ་བའི་སྐོར་གསུང་དོན། རྣམ་པ་ཚོས་སྐུ་ལས་ཧ་ཅང་བསྐྱོན་འདུག དེ་བཞིན་གཟེངས་རྟགས་བཟོ་རྒྱུའི་སླད་ཐུགས་སྣང་ཧ་ཅང་ཆེན་པོ་གནང་སྟེ་སྲོལ་རྒྱུན་གྱི་འགྲོ་སྟངས་གཞིར་བཟུང་ཆོལ་ཁ་གསུམ་མཚོན་སླད་རི་གསུམ་ཡོད་པ་དང་། དེའི་སྟེང་བོད་དང་སེང་གེ་གཉིས། བོད་ཀྱི་རྒྱལ་དར་མཚོན་པ། དེ་བཞིན་ཕྲན་གྱི་མིང་ཡང་མཚོན་པ་ལྟ་བུ་སྐུ་ལས་ཧ་ཅང་བསྐྱོན་འདུག ཕྱོགས་མཚུགས་རྩོམ་ཡིག་ཅིག་བྲིས་གནང་འདུག རྩོམ་འབྲི་རྒྱུ་ལས་སླ་པོ་མེད།
རྣམ་པ་ཚོས་གཟེངས་རྟགས་ཀྱི་མིང་ལ་བཙན་པོའི་ཕྱག་རྗེས་ཞེས་རྒྱུ་མཚན་གཏིང་ཟབ་པོ་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤྲེལ་ལོར་གནས་མཆོག་མཚོ་པདྨར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་བཞུགས་ཁྲི་སྟེང་བཞུགས་པའི་སྐབས་གང་ཙམ་བཤུམས་གནང་སོང་། དེ་རྗེས་གཟིམ་ཆུང་དུ་ཤོག་ཅེས་བཀའ་ཕེབས་བྱུང་། གཟིམ་ཆུང་བཅར་བའི་སྐབས་མགོན་པོ་གང་ཉིད་མཆོག་གིས། དེ་རིང་གུ་རུ་རིན་པོ་ཆེ་ཧ་ཅང་དྲན་བྱུང་། ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་དང་། ཁག་གཅིག་གིས་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་སྤྲུལ་ཡིན་པ་ཟེར་གྱི་ཡོད། ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་ཏན་ཏན་འབྲེལ་བ་ཡོད་པ་ཆགས་ཀྱི་ཡོད། ཁྱེད་རང་ཚོ་ཡིན་ནའང་དུས་ཚོད་ཉག་ཕྲ་བའི་སྐབས་འདིར་ལས་དབང་གིས་ངོས་དང་མཉམ་དུ་སླེབས་ཡོད། དེར་བརྟེན་བཙན་པོའི་སྐབས་ནས་འབྲེལ་བ་ཆགས་ཡོད། ཅེས་བཀའ་སློབ་སྩལ་སོང་།
ཕྲན་རང་བཙན་བྱོལ་དུ་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་འོས་འདེམས་བྱུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་ཕྱི་ཞུ་སླད་ཡོང་བ་ཡིན་སྙམ་པ་མ་གཏོགས་བཙན་པོའི་སྐབས་ནས་ལས་དབང་གིས་ཡིན་པ་ཚོར་གྱི་མེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཧ་ཅང་གཏིང་ཟབ་པོ་རེད་བསམ་པ་བྱུང་། གཙོ་ཆེ་ཤོས་བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུ་དང་ཞབས་ཕྱི་ཞུ་རྒྱུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཞབས་ཕྱི་ཞུ་རྒྱུ་རེད། བོད་ཅེས་བརྗོད་དུས་བོད་མི་ཡོངས་ལ་ཞབས་ཕྱི་ཞུ་དགོས། ནམ་རྒྱུན་ཡིན་ན་ང་ཚོས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དབྱེ་བ་འབྱེད་ཀྱི་ཡོད་པ་རེད། འོན་ཀྱང་བཀའ་ཤག་སྐབས་ ༡༤་་༡༥ ལངས་ཕྱོགས་གང་བཟུང་ཡོད་པ་རེད། ཅེ་ན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་ཆེན་སོགས་གང་ཚོགས་པ་ཡིན་ནའང་དེར་ཡོང་རོགས་ཞེས་བརྗོད་པ་ཡིན་ན། འགྲོ་གི་མེད། ཡིན་ནའང་ཁོང་རྣམ་པ་འདིར་ཕེབས་པ་ཡིན་ན་དགའ་བསུ་ཞུ་གི་ཡོད།
ད་རེས་རྒྱུན་ལས་ཚོ་ས་ཆ་ཁག་མང་པོ་ཞིག་ནས་ཆེད་མངགས་འདིར་ཕེབས་པ་དང་སྒྲིག་འཛུགས་ལ་ཆེ་མཐོང་ཞུས་པ་ཧ་ཅང་རྩ་ཆེན་པོ་རེད་བསམ་གྱི་འདུག བློ་བཟང་སེངྒེ་དང་ཆོས་སྐྱོང་དབང་ཕྱུག་ནི་གང་ཟག་ཅིག་རེད། ཡོང་གི་རེད་འགྲོ་གི་རེད། འོན་ཀྱང་སྒྲིག་འཛུགས་འདི་ཉིད་བོད་ཀྱི་རྩ་དོན་སླད་མུ་མཐུད་གནས་དགོས། སྒྲིག་འཛུགས་ལ་སུས་ཆེ་མཐོང་ཞུས་ན་དེ་བཟང་སྤྱོད་ཀྱི་རྣམ་པ་ཡིན་པ་དང་། གཉིས་ནས་རྩ་དོན་གལ་ཆེན་པོ་རྩི་གི་ཡོད་པའི་རྣམ་པ་རེད། གསུམ་པ་བོད་ཕྱི་ནང་གཉིས་ཀྱི་མཐུན་འབྲེལ་དང་འབྲེལ་བ་མུ་མཐུད་གནས་པའི་རྣམ་པ་རེད། རྩ་ཆེ་ཤོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་འགྲོ་གི་ཡོད་པའི་རྣམ་པ་རེད། བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་རྩ་དོན། བོད་བསྟན་པ་ཆབ་སྲིད་དང་མི་རིགས་བཅས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་བཀའ་དྲིན་ཆེ་བ་མེད། དེར་བརྟེན་སྒྲིག་འཛུགས་འདི་ཉིད་གལ་ཆེན་པོ་བརྩིས་པའི་ཐོག་ནས་ཆེད་མངགས་ཕེབས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་གསུངས།
དེ་ནས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ཆེ་མཐོང་གི་ལི་ཁྲའི་གཟེངས་བསྟོད་དང་འབྲེལ་བའི་སྐོར་གསུང་དོན། མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མི་གསར་རྙིང་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མདོ་ཁམས་ཡུལ་ཤུལ་ཁོངས་གཏོགས་ནས་ང་ལ་ཆེ་མཐོང་གི་ལི་ཁྲའི་གཟེངས་བསྟོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དངོས་གནས་བྱས་ན་ཆེ་མཐོང་གི་ལི་ཁྲའི་གཟེངས་བསྟོད་འདི་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འབུལ་དགོས་པ་ཞིག་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ངའི་མིང་བཏོང་པ་དང་གྲོས་ཚོགས་ནས་དམ་ཕྲུག་བརྒྱབ་པར་བརྟེན་ང་བཀའ་བློན་ཆགས་པ་རེད། གལ་ཏེ་དེ་ལྟར་བྱུང་མེད་ན་ང་སྐབས་ ༡༦ གྲོས་ཚོགས་ནང་བསླེབས་ཐུབ་མེད། གང་ཡིན་པ་དེ་ཞུ་དགོས་པ་རེད། དེ་བཞིན་ལས་དང་སྨོན་ལམ་སོགས་ལ་བརྟེན་ནས་བཀའ་བློན་ལ་བསླེབས་པ་ཞིག་ཀྱང་རེད། དུས་ད་ལྟའི་བར་དུ་ལས་ཀ་ག་རེ་བྱེད་པ་ཡིན་ནའང་གཞན་ལ་གནོད་འཚེ་མེད་པའི་ཐོག་དྲང་པོ་དྲང་གཞག་བྱས་པ་ཡིན། མ་འོངས་པ་ཡིན་ནའང་ངས་མུ་མཐུད་མདོ་ཁམས་ཡུལ་ཤུལ་མངའ་ཁོངས་ཀྱི་མི་ཚོའི་མིང་བརྫབས་པའི་ལས་ཀ་དེ་འདྲ་དུས་ནམ་ཡང་བྱ་ཡི་མ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།
མཐར་མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཞོན་ཐུབ་བསྟན་འཕེལ་རྒྱས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།
སྤྱིར་མདོ་ཁམས་ཡུལ་ཤུལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མི་ཡོངས་ནས་མདོ་ཁམས་ཡུལ་ཤུལ་བ་གཞིས་བྱེས་བོད་མིའི་ཚབ་ཞུས་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་རབས་རྗེས་འཛིན་གསེར་གྱི་ཚེ་འབར་ཞེས་གསེར་གྱི་མཆོད་མེ་ཟུང་གཅིག་འདེགས་འབུལ་ཞུ་གཏན་ཁེལ་འདུག་པ་བཅས། །