ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༧ ནས་ ༡༩ བར་ཉིན་གྲངས་ ༡༣ རིང་བཞུགས་སྒར་རྡ་སའི་ཉེ་འདབས་སུ་ཆགས་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་མཐུན་འགྱུར་འོག་དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་ཐེངས་དྲུག་པ་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་ལས་བྱེད་ཀརྨ་ཐུབ་བསྟན་ལགས། ཆོས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་རྣལ་འབྱོར་ལགས། རིས་སུ་མ་ཆད་པའི་ཆོས་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མ་བཅས་ཁྱོན་མི་གྲངས་ ༢༠ ལྷན་འཛོམས་ཀྱིས་ཐོག་མར་ཆོས་རིག་བཀའ་བློན་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས་བསྟན་འཛིན་རྣལ་འབྱོར་ལགས་ཀྱིས་ཟབ་སྦྱོང་གི་བྱུང་རིམ་ངོ་སྤྲོད་སྙིང་བསྔུས་ཤིག་གནང་གྲུབ་མཚམས་ཚོགས་བཅར་བ་རྣམས་ཀྱིས་རེ་མོས་ཐོག་རང་ཉིད་ངོ་སྤྲོད་གནང་།
སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་གསུང་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་ལམ་སྟོན་ལྟར། དགོན་སྡེ་གྲྭ་ཚང་ཁག་ཏུ་ཚན་རིག་གི་གཞི་རིམ་སློབ་སྦྱོང་ཐད་གོ་རྟོགས་གང་མང་སྤེལ་རྒྱུའི་ཐོག་དེ་རིང་གི་ཟབ་སྦྱོང་འདི་བཞིན་བསྐོང་ཚོགས་གནང་བ་ཞིག་ཡིན། གདན་ས་ཁག་གིས་དབུས་དགོན་པ་གང་ཙམ་ཞིག་ལ་ཚན་རིག་གི་སློབ་ཁྲིད་བྱེད་ཀྱི་ཡོད། དགོན་སྡེ་དེ་དག་གི་ཚན་རིག་དགེ་རྒན་གྱི་གསོལ་ཕོགས་ཆོས་རིག་ལས་ཁུངས་ནས་མཐུན་འགྱུར་གནང་བཞིན་ཡོད། ཐེངས་འདིའི་དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་ཐེངས་དྲུག་པ་ཆགས་ཀྱི་ཡོད། ཟབ་སྦྱོང་སྤྱི་ཡོངས་ཀྱི་གྲུབ་འབྲས་ལ་ཆ་མཚོན་ན། དགེ་མཚན་ལས་སྐྱོན་ཆ་གང་ཡང་བྱུང་མེད། ཅེས་དང་།
གཞན་ཡང་ཁོང་གིས་དེང་དུས་ཚན་རིག་ཐོག་སློབ་སྦྱོང་གནང་དགོས་གལ་སྤྱི་དང་། ལྷག་པར་བོད་བརྒྱུད་ནང་བསྟན་དང་ཚན་རིག་ཐོག་སློབ་སྦྱོང་གནང་སྐབས་ཕན་ཚུན་གཉིས་དབར་གྱི་ལེགས་ཆ་ཇི་ཡོད་བརྗེ་ལེན་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེེན་པོ་ཡིན་པ་དང་། ཟབ་སྦྱོང་གྲུབ་མཚམས་དགོན་སྡེ་ཁག་ཏུ་ཕྱིར་ཕེབས་རྗེས་སློབ་གཉེར་བ་གཞོན་པ་རྣམས་ལ་དེ་དག་ངོ་སྤྲོད་དང་སྦྲགས། གོ་རྟོགས་གང་མང་སྤེལ་དགོས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
མཐར་བསྟན་འཛིན་རྣལ་འབྱོར་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད་པ་བཅས།