༢༠༡༩ ཟླ་ ༡༠ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༥ རེས་གཟའ་མིག་དམར་ཉིན་ནང་པའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་རྒྱ་གར་ཨུ་ཏྟར་པྲ་དེཤ་མངའ་སྡེའི་ནང་ཡོད་པའི་གནས་ཆེན་མཉན་ཡོད་དུ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་དགོངས་གཞི་ལམ་སྟོན་དང་མཐུན་འགྱུར་འོག་མཉན་ཡོད་གནས་ཆེན་ལྟེ་གནས་ཁང་དུ་གནས་ཆེན་མཉན་ཡོད་གོ་སྒྲིག་ཚོགས་ཚོགས་ཆུང་ Great Shrasvati Organising Committee གིས་གོ་སྒྲིག་གནང་ཐོག་འབར་མ་དང་། ཤྲི་ལངྐ་། རྒྱ་གར། ཨ་རི། བལ་ཡུལ། ཝི་ཏི་ནམ། མ་ལེ་ཤི་ཡ་བཅས་རྒྱལ་ཁབ་ཁག་བདུན་ནས་འཕགས་པ་གནས་བརྟན་སྡེ་པའི་དགེ་སློང་དགུ་བཅུ་ཙམ་གདན་ཞུས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༥ ནས་ཟླ་གྲངས་གསུམ་རིང་གི་དབྱར་གནས་གྲོལ་བའི་མཛད་སྒོ་ཚོགས་གནང་བ་དང་། མཛད་སྒོའི་ཆེ་བསྟོད་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འབར་མའི་གཞུང་ཚབ་པ་ Moe Kyaw Aung མཆོག ཆེ་བསྟོད་སྐུ་མགྲོན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག
སྦེང་ལོར་བྱང་ཆུབ་ཆེན་མོ་ཐེབས་རྩའི་དྲུང་ཆེ་ Bhikkhu Ananda ལགས། ལ་དྭགས་རྒྱལ་སྤྱིའི་བྱང་ཆུབ་ཆེན་མོ་སྒོམ་སྒྲུབ་བསྟི་གནས་ཁང་གི་འགན་འཛིན་ Bhikkhu Sanghasena ལགས། རྒྱལ་སྤྱི་ནང་པ་མཐུན་ཚོགས་ International Buddhist Confederation ཀྱི་དྲུང་ཆེ་ Dr.Dhammapiya ལགས། ཝཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་ཆེན་མོའི་གཙུག་ལག་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གི་ལགས། འཕགས་པ་གནས་བརྟན་སྡེ་པའི་དགེ་སློང་སོགས་ཁྱོན་མི་གྲངས་ ༥༠༠ ཙམ་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་ཆེ་བསྟོད་སྐུ་མགྲོན་བཅས་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་འབྲི་གུང་བཀའ་བརྒྱུད་དགོན་པའི་དགེ་འདུན་པ་ཁག་གཅིག་གིས་ཤིས་བརྗོད་གསུང་འདོན་གནང་།
དེ་ནས་ཝར་ཎ་མཐོ་སློབ་ཀྱི་གཙུག་སློབ་དཔོན་ཆེན་མོ་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་སྦེང་ལོར་བྱང་ཆུབ་ཆེན་མོའི་ཐེབས་རྩའི་དྲུང་ཆེ་དང་ལ་དྭགས་རྒྱལ་སྤྱིའི་བྱང་ཆུབ་ཆེན་མོ་སྒོམ་སྒྲུབ་བསྟི་གནས་ཁང་གི་འགན་འཛིན། རྒྱལ་སྤྱི་ནང་པའི་མཐུན་ཚོགས་ཀྱི་དྲུང་ཆེ་བཅས་ནས་རིམ་བཞིན་གསུང་བཤད་གནང་གྲུབ་རྗེས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། གནས་ཆེན་འདིར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་དབྱར་གནས་ཐེངས་ཉི་ཤུ་རྩ་ལྔ་མཛད་ཡོད། དེ་ལྟ་བུའི་གནས་ཆེན་འདིར་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་དང་འབྲི་གུང་བཀའ་བརྒྱུད་དགོན་པས་འཕགས་པ་གནས་བརྟན་སྡེ་པའི་དགེ་སློང་དགུ་བཅུ་ཙམ་གདན་ཞུས་ཀྱིས་མཉན་ཡོད་གནས་ཆེན་ལྟེ་གནས་ཁང་དུ་ཟླ་གྲངས་གསུམ་རིང་ལོ་རྒྱུས་རང་བཞིན་ལྡན་པའི་དབྱར་གནས་གོ་སྒྲིག་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཐེངས་འདིར་ནང་པའི་ཆོས་བརྒྱུད་འཛིན་པ་ཁག་ལྷན་འཛོམས་བྱུང་བ་འདི་ཉིད་སྐལ་བ་བཟང་པོ་ཡིན་པ་མ་ཟད། ནང་པའི་བསྟན་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་སླད་ང་ཚོ་ཚང་མས་མཉམ་རུབ་བྱ་རྒྱུའི་འགན་ཡོད་པ་དང་། ནང་པའི་བསྟན་པ་འདི་ཉིད་གང་ཟག་སྒེར་གྱི་ཁེ་ཕན་ཙམ་མིན་པར་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་སླད་ཡིན། ཕྲན་རང་ཉིད་ལ་མཚོན་ན། འདིར་བཅར་དགོས་དོན་གཙོ་བོ་ནི། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་རྒྱབ་སྐྱོར་དང་ཆེ་མཐོང་མཚོན་སླད་བཅར་བ་ཡིན། ཞེས་གསུང་།
དེ་ནས་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་བའི་སྙིང་པོར། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདུལ་བའི་ཁྲིམས་ཕལ་ཆེ་བ་གནས་འདིར་གསུངས་ཡོད་སྐོར་བརྗོད་སྲོལ་ཡོད་པ་མ་ཟད། དགག་དབྱེ་ཐེངས་དང་པོ་གནས་འདིར་ཚོགས་ཡོད་པར་བརྟེན། གནས་འདི་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བཞུགས་གནས་ཀུན་གྱི་ནང་ནས་གཙོ་བོ་ཡིན། ཞེས་དང་། འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་འཕགས་པ་གནས་བརྟན་སྡེ་པའི་དགེ་སློང་རྣམས་ཟླ་གྲངས་གསུམ་གྱི་རིང་ཁོར་ཡུག་སོགས་གང་ཅིའི་ཐད་ནས་དཀའ་ངལ་འཕྲད་ཡོད་ངེས་ཡིན་ནའང་། ཐེངས་འདིའི་དབྱར་གནས་ལེགས་གྲུབ་བྱུང་བར་བསྔགས་བརྗོད་གནང་ཡོད།
མཛད་སྒོའི་སྐབས་ལ་དྭགས་དང་། ཏྲི་པུ་རའི་གཞས་སྣ་འཁྲབ་སྟོན་པ་ཁག་གཅིག་གིས་རིག་གཞུང་དང་འབྲེལ་བའི་གཞས་སྣ་གཟིགས་འབུལ་ཞུ་ཡོད་པ་བཅས།