ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཉེ་དུས་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་ ༡༡ ནང་ཆུ་ལོག་གི་གོད་ཆགས་ཚབས་ཆེན་བྱུང་བའི་རྐྱེན་གྱིས་མི་རྒྱུ་གཉིས་ཀར་དོ་ཕོག་ཆེན་པོ་བྱུང་བར་བརྟེན། མངའ་སྡེའི་ནང་གནས་སྡོད་བོད་མི་རྣམས་ནས་གདུང་སེམས་མཉམ་སྐྱེ་མཚོན་སླད་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༣ ཉིན་ལྷོ་སྤྱིའི་གཙོ་སྐྱོང་འོག་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་བཅས་ཚོགས་འདུ་འཚོགས་སྐབས་གྲོས་ཆོད་བཞག་པའི་དགོངས་དོན་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལ་སྙན་སེང་ཞུས་ཏེ་ཧིན་སྒོར་ ༥༠༠༠༠༠་༠༠ ལྔ་འབུམ་ཐམ་པ་གསོལ་སྩལ་བྱུང་བ་དང༌།
དེའི་ཐོག་ལྷོ་གཞིས་ཁག་ལྔའི་ནང་སྲི་ཞུ་བའི་ལས་བྱེད་དང་ཁྱབ་ཁོངས་སྡེ་ཚན་མཉམ་འབྲེལ། སློབ་གྲྭ སྨན་ཁང་ཁག་གི་ལས་བྱེད་རྣམས་ཀྱི་ཉིན་གཅིག་གི་གླ་ཆ་འབབ་ཁྱོན་བསྡོམས་ཧིན་སྒོར་ ༥༢༦༢༡༥་༦༥ བཅས་བསྡུ་རུབ་ཞུས་ཏེ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༡ ཉིན་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཡ་དི་ཡུ་རུབ་པ་ B.S. Yediyurappa མཆོག་མཇལ་ནས་ཕུལ་འདུག
དེ་ནས་ལྷོ་གཞིས་ཁག་ལྔའི་ཉིན་གཅིག་གི་གླ་ཆ་འཕྲོས་ལྷག་བརྒྱ་ཆ་ ༥༠ འབབ་མོན་གྷོ་གཞིས་ཆགས་སུ་ཆུ་ལོག་གོད་ཆགས་བྱུང་བས་བོད་མིའི་ཁྱིམ་ཚང་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་ཕུལ་བ་དང་། ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་ཀར་ཎ་ཀྲ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་མཇལ་འཕྲད་གནང་སྐབས། ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ཚབ་ཞུས་ཏེ་ད་བར་མངའ་སྡེའི་གཞུང་ནས་བོད་མི་རྣམས་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པ་དང་ཉེ་དུས་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆགས་རྐྱེན་པས་མི་རྒྱུ་གཉིས་ལ་དཀའ་ངལ་ཚབས་ཆེན་བྱུང་བར་གདུང་སེམས་མཉམ་སྐྱེ་ཡོད། ཅེས་ཞུས་འདུག
དེ་བཞིན་ས་གནས་འགོ་འཛིན་སོ་སོས་ཀྱང་ས་གནས་མངའ་གཞུང་རྫོང་དཔོན་བརྒྱུད་ཉེ་འཁོར་རྒྱ་གར་གྲོང་གསེབ་ཁག་ལ་ཆུ་ལོག་གི་གོད་ཆགས་ཕོག་པ་དང་ངལ་སེལ་རོགས་སྐྱོབ་ flood relief camp སྡོད་སྒར་ཁག་ལ་རོགས་རམ་ལས་འགུལ་ཡང་སྤེལ་འདུག་པ་བཅས། །