ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༩ ཧྲིལ་པོ་འཁོར་བའི་དུས་དྲན་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རྗེས་དྲན་མཛད་སྒོ་ཚོགས་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་དཔལ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། སྦྱིན་བདག་དང་སྐུ་མགྲོན་རྣམ་པ། བོད་ཁྱིམ་སློབ་གྲྭ་གཞན་ཁག་ནས་ཕེབས་པའི་དགེ་ལས་སློབ་ཕྲུག་རྣམ་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་རྗེས་དྲན་ཆེད་ངག་བཅད་གུས་འདུད་སྐར་མ་གཅིག་རིང་ཞུས་གྲུབ་མཚམས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་རྔ་རོལ་དང་བཅས་ཕུལ།
དེ་རྗེས་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་འབྲེལ་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་ཞུས་གྲུབ་མཚམས། སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་། དེ་ནས་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།
བོད་ཕྲུག་ཁྱིམ་སྡེ་ནས་སློབ་ཕྲུག་ཁྲི་ཕྲག་མང་པོར་སློབ་སྦྱོང་སྤྲད་ཡོད་པ་མ་ཟད། བོད་ཕྲུག་ཁྱིམ་སྡེ་ནས་ཐོན་པའི་བོད་མི་དེ་དག་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ནང་བཀའ་བློན་དང་ལས་བྱེད་པའི་ཕྱག་ལས་གནང་དང་གནང་བཞིན་ཡོད། དེར་བརྟེན་སྐུ་ལས་བསྐྱོན་གནང་མཁན་འབྲེལ་ཡོད་དགེ་ལས་སློབ་ཕྲུག་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་འོག་ལ་ཡོད་པའི་སྐྱབས་བཅོལ་བའི་མི་འབོར་ས་ཡ་ ༡༩ དང་འབུམ་ ༩ ཡོད།
དེའི་ནང་ནས་ས་ཡ་ ༧ དང་འབུམ་ ༤ སློབ་གྲྭར་འགྲོ་ཐུབ་པའི་ཕྲུ་གུ་ཆགས་ཡོད། འོན་ཀྱང་ས་ཡ་ ༧ དང་འབུམ་ ༤ ཁྲོད་ནས་ས་ཡ་ ༤ སློབ་གྲྭར་གཏོང་ཐུབ་ཀྱི་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་ཤེས་ཡོན། རིག་གཞུང་ལས་ཁུངས་ UNESCO ཀྱི་གྲངས་ཐོའི་ནང་སློབ་གྲྭར་འགྲོ་ཐུབ་མཁན་གྱི་ཕྲུ་གུ་གྲངས་ས་ཡ་ ༢༦༣ ཡོད་པ་བཀོད་འདུག དེའི་ནང་ཕྲུ་གུ་ ༥ ནས་ཕྲུ་གུ་ ༡ སློབ་གྲྭར་འགྲོ་ཐུབ་ཀྱི་མེད། རང་བཙན་ཡོད་པའི་རྒྱལ་ཁབ་ཚོའི་ནང་ནས་ཀྱང་ཕྲུ་གུ་ ༥ ནས་ ༡ སློབ་གྲྭར་འགྲོ་ཐུབ་ཀྱི་མེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ང་ཚོའི་ངོས་ནས་ཕྲུ་གུ་རྣམས་སློབ་གྲྭར་གཏོང་ཐུབ་ཀྱི་ཡོད་པ་མ་ཟད། ཡི་གེ་འབྲི་ཀློག་གི་གྲངས་ཚད་དེ་བརྒྱ་ཆ་ ༩༤ ཟིན་ཡོད། རྒྱ་གར་གྱི་ཡི་གེ་འབྲི་ཀློག་ཤེས་མཁན་གྱི་གྲངས་ཚད་དེ་བརྒྱ་ཆ་ ༨༢ རེད། སློབ་ཕྲུག་རྣམ་པ་ཚོ་སློབ་གྲྭ་ཐོན་རྗེས་བོད་མིའི་སྒྲིག་འཛུགས་དང་འཛམ་གླིང་སྤྱི་ལ་ཕན་པའི་ཞབས་འདེགས་ཞུ་དགོས་ཞེས་སོགས་ཀྱི་གསུང་བཤད་གནང་རྗེས། དཔལ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་རྗེའི་བཀའ་དྲིན་འོག་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཐུབ་པ་དང་།
གཙོ་བོ་༸སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་དང་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་སོགས་ཀྱིས་གཙོས་ལས་ཀྱི་སྣེ་མོ་བ་ཡོངས་ཀྱི་འབད་བརྩོན་ལ་བརྟེན་ནས་དེ་རིང་གི་གྲུབ་འབྲས་འདི་ཐོན་པ་རེད། དེར་བརྟེན་ངས་ཁོང་རྣམ་པ་ཚོར་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། བོད་མི་རིགས་འཛམ་གླིང་ནང་གནས་པར་བོད་ཀྱི་ཆབ་དཔལ་རིག་གསུམ་གལ་ཆེན་པོ་རེད། དེའི་ནང་ནས་ཀྱང་རིག་གནས་གལ་ཆེན་པོ་རེད། བོད་མི་རིགས་ཀྱི་སྐད་དང་ཡི་གེ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་འགན་མ་འོངས་པའི་སོན་རྩ་སློབ་ཕྲུག་རྣམ་པ་ཚོར་ཡོད།
དགེ་རྒན་དང་སློབ་ཕྲུག་ཚོས་བོད་ཀྱི་བསྟན་པ་དང་ཆབ་སྲིད་འཛིན་སྐྱོང་བྱེད་དགོས། ལྷག་པར་དགེ་རྒན་ཟེར་བ་དེ་བཟང་སྤྱོད་ལྡན་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། དགེ་རྒན་གྱི་སློབ་ཕྲུག་ཚོར་མིག་དཔེ་བཟང་པོ་སྟོན་དགོས། དགེ་རྒན་བཟང་པོ་ཞིག་ཡོད་ན་སློབ་ཕྲུག་བཟང་པོ་ཞིག་ཡོང་ཐུབ་པ་རེད། སློབ་ཕྲུག་ཚོས་དགེ་རྒན་རྣམ་པ་ཚོར་བརྩི་བཀུར་བྱེད་རྒྱུ་དེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཆགས་ཡོད།
བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དག་མི་ཉམས་གོང་འཕེལ་གཏོང་དགོས། བཙན་བྱོལ་ནང་བོད་མི་ཚོས་མཐུན་ལམ་དང་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཕྱོགས་ཞེན་ཆགས་སྡང་རྨོངས་གསུམ་གྱི་གཞན་དབང་དུ་མ་ཚུད་པ་བྱེད་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། སྐྱབས་རྗེ་སྨན་རིའི་ཁྲི་འཛིན་མཆོག་གིས་ཞབས་ལོ་ ༢༠ འཁོར་བའི་ལས་བྱེད་རྣམས་ལ་གཟེངས་རྟགས་དང་སློབ་ཕྲུག་རྩེ་ཕུད་གཉིས་ལ་ཤེས་རིག་ལས་ཁུངས་ཀྱི་བྱ་དགའ་གནང་།
སློབ་ཕྲུག་རྣམས་ནས་སློབ་གྲྭའི་རྩེད་ཐང་དུ་ལུས་པོའི་རྣམ་འགྱུར་འདྲ་མིན་ལས་ཡི་གེ་བཟོས་ནས་ཆིག་སྒྲིལ་དགོས་གལ་དང་། བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པ་སོགས་མཚོན་པར་བྱས། མཐར་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་ནས་ཐུགས་རྗེ་ཆེ་ཞུའི་མཇུག་སྡོམ་གསུང་བཤད་གནང་བ་དང་འབྲེལ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །