ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལ་ོ ༢༠༡༩ ཟླ་ ༡༠ ཚེས་ ༡ རེས་གཟའ་མིག་དམར་ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ཉེ་ཆར་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གཞོན་སྐྱེས་མགྲིན་ཚབ་པ་ལྔ་དྲག་འདེམས་བྱུང་བའི་སྐོར་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཐོག་གསར་འགོད་ལྷན་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་ཕྱི་དྲིལ་ལས་འཆར་ཚན་པའི་འགན་འཛིན་བསྟན་འཛིན་སྒྲོན་མཛེས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་དོན། དེ་སྔོན་ཕྱི་ལོ་ ༢༠༡༩ ཟླ་ ༨ ནང་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པ་ཚོགས་པའི་སྐབས་རང་ལོ་ ༣༥ མན་གྱི་གཞོན་སྐྱེས་ལྔ་བོད་མིའི་སྒྲིག་འཛུགས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་མགྲིན་ཚབ་པར་དྲག་འདེམས་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་ལྟར། ཚོགས་ཚུང་ནས་གྲོས་བསྡུར་རིམ་པ་གནང་རྗེས་གཞོན་སྐྱེས་ལྔ་དང་ལྔ་བཅུའི་སྐུ་ཚབ་ལྔ་བདམས་པ་རེད། དེ་ཡང་ཁོང་རྣམས་ནི། ལྷ་རོང་ལགས་དང་། བསྟན་འཛིན་ནོར་སྒྲོན་ལགས། མགོན་པོ་བཀྲ་ཤིས་ལགས། བསྟན་འཛིན་ནོར་འཛིན་ལགས། ལྷ་ནིང་སྐལ་བཟང་རྡོ་རྗེ་ལགས་བཅས་ཡིན།
ཁོང་རྣམས་ལ་བོད་མིའི་སྒྲིག་འཛུགས་སྤྱི་དང་། ལྷག་པར་ཕྱི་དྲིལ་ལས་ཁུངས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོའི་སྤྱི་ཚོགས་ནང་ལྟ་སྐབས། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་གྲངས་འབོར་དང་། རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་གྲངས་འབོར་ད་ཆ་བརྒྱ་ཆ་ལྔ་བཅུ་ལྔ་བཅུ་ཆགས་བཞིན་ཡོད་སྐོར་ཞུས་པ་ལྟར། ད་ཆ་ཧ་ལམ་གནས་སྟངས་དེ་ལྟར་ཆགས་ཡོད། དེ་ཁུལ་གནས་པའི་བོད་མི་གཞོན་སྐྱེས་རྣམས་དང་བོད་མིའི་སྒྲིག་འཛུགས་དབར་འབྲེལ་བ་བཟང་པོ་ཇི་ལྟར་བསྐྲུན་དགོས་པ་དང་། དམིགས་བསལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་གཞོན་སྐྱེས་ཆེད་དུ་དམིགས་པ་ཞིག་ཡིན། གང་ཡིན་ཟེར་ན་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། དགོན་སྡེ། སློབ་གྲྭ། སྒྲིག་འཛུགས་ལ་སོགས་ཡོད་སྟབས་རང་བཞིན་གྱིས་བོད་ཀྱི་རྩ་དོན་དང་སྤྱི་ཚོགས་ཀྱི་འགྲོ་སྟངས། མི་རིགས་ཀྱི་ངོ་བོ་སོགས་ལ་དོ་སྣང་དང་སྲུང་སྐྱོབ། དེ་བཞིན་གོང་སྤེལ་གཏོང་ཐབས་ཀྱི་ཆ་རྐྱེན་ཚ་ཆང་ཞིག་ཚང་ཡོད། འོན་ཀྱང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་གཞོན་སྐྱེས་རྣམས་ལ་ཆ་རྐྱེན་དེ་འདྲ་ཞིག་མེད་སྟབས་གདོང་ལེན་བྱེད་དགོས་པའི་གནས་སྟངས་མང་པོ་ཞིག་ཡོད།
འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་གཞོན་སྐྱེས་རྣམས་ས་གནས་གཅིག་ཏུ་ཉིན་གྲངས་གསུམ་ཙམ་རིང་མཉམ་འཛོམས་བྱ་རྒྱུ་དེ་གཙོ་བོ་སོ་སོ་རང་ཉིད་བོད་མི་ཞིག་ཡིན་པར་ངོས་འཛིན་ཐུབ་པ་བྱ་རྒྱུ་དང་། བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྩ་དོན་སླད་ཞབས་འདེགས་ཞུ་དགོས་པ་གལ་ཆེན་པོ་ཡིན་སྐོར། ཕྱོགས་མཚུངས་བོད་ཀྱི་ཐུན་མིན་སྐད་ཡིག་དང་ཆོས། རིག་གཞུང་རྣམས་རྩ་ཆེན་པོ་ཡིན་པ་ཤེས་པའི་ཐོག་དེར་དོ་སྣང་བྱེད་དགོས་སྐོར། བོད་མིའི་སྒྲིག་འཛུགས་སུ་ཞབས་འདེགས་ཞུ་དགོས་པ་བཅས་ཀྱི་ཐོག་ལ་གྲོས་བསྡུར་དང་བསམ་ཚུལ་བརྗེ་ལེན། གོ་རྟོགས་སྤེལ་ཏེ་སེམས་ནང་རང་ཉིད་བོད་མི་ཞིག་ཡིན་པའི་ཚོར་བ་སླེབས་རྗེས་མ་སྐུལ་དང་བླངས་ཐོག་ནས་སྒྲིག་འཛུགས་ལ་ཞབས་ཞུ་སྒྲུབ་མཁན་ཞིག་ཆགས་རྒྱུ་རེད། ལྔ་དང་ལྔ་བཅུ་གཞོན་སྐྱེས་ཚོགས་འདུ་ཐེངས་དང་པོ་དེ་བཞིན་ཚགས་ཚུད་པོ་བྱུང་བར་བརྟེན་ཐེངས་གཉིས་པ་དེ་ཚོགས་ཡོད།
མགྲིན་ཚབ་པ་ལྔ་པོ་དེ་དག་ལྔ་དང་ལྔ་བཅུའི་ཚོགས་འདུའི་སྐབས་མིང་སྨོས་པའི་ཐོག་འོས་མི་དགོངས་འཆར་བསྡུ་རུབ་གནང་རྗེས་འདེམས་སྒྲུག་ཚོགས་ཆུང་ངོས་ནས་ཐག་གཅོད་གནང་བ་ཞིག་ཡིན།
བདམས་ཐོན་མི་ལྔ་པོ་དེ་དག་ལ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པ་ངོ་སྤྲོད་བྱ་རྒྱུ་མ་ཟད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གང་ཡིན་སྐོར་གོ་རྟོགས་གང་ལེགས་སྤེལ་བ་བརྒྱུད། འབྱུང་འགྱུར་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ཐོག་ཁོང་ཚོ་ལྔ་པོས་འགན་ཁུར་རྐང་བཞེས་ཐོག་ཚོགས་ཆེན་སྐབས་གྲོས་བསྡུར་དང་བསམ་ཚུལ་བརྗེ་ལེན་གྱི་གོ་བསྡུར་ལྷུག་པོ་ཡོང་རྒྱུའི་རེ་བ་ཡོད། གཞོན་སྐྱེས་ཕན་ཚུན་ལེགས་སྤེལ་ཉེས་འགོག་གི་ལས་འཆར་སྤེལ་ཐུབ་ཚེ་ཕན་ཐོགས་ཆེ་བ་དང་བློ་ལ་འཇུག་པ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་གསར་འགོད་པས་དྲི་བར་ལན་འདེབས་གནང་ཡོད།
གཞོན་སྐྱེས་མགྲིན་ཚབ་པ་ལྔ་ནི།
༡༽ ལྷ་རོང་ལགས་ནི། ད་ལྟའི་ཆར་རྒྱ་གར་ལྡེ་ར་ལྡུན་དུ་ཁྲིམས་ལུགས་ཐོག་རབ་འབྱམས་པའི་སློབ་སྦྱོང་གནང་བཞིན་ཡོད་པ་མ་ཟད། རྒྱ་གར་རྒྱལ་ཡོངས་བོད་རིགས་སློབ་ཕྲུག་མཐུན་ཚོགས་གསར་བཙུགས་གནང་མཁན་དང་ཚོགས་གཙོ་ཆེས་ཐོག་མ་དེ་ཡིན། ལྷ་རོང་ལགས་ལོ་བརྒྱད་ཡིན་སྐབས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཏེ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོག་མ་ཐོབ་པ་མ་ཟད། ཁོང་གི་འདོད་གཅིག་ནང་མི་ཁོངས་ནས་ཀྱང་སློབ་གྲྭར་བསྐྱོད་མཁན་ཐོག་མ་དེ་ཆགས་ཡོད། རཇ་པུར་དང་མ་སུ་རི་བོད་ཁྱིམ་ནས་སློབ་ཐར་སོན་པ་དང་། འཛིན་རིམ་བཅུ་གཉིས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་གྲུབ་འབྲས་རྩེ་ཕུད་སོན་པའི་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ཐོབ་ཡོད། སློབ་གྲྭའི་སྐབས་ཁོར་ཡུག་དང་འབྲེལ་བའི་སྐྱིད་སྡུག་ཚོགས་པ་གསར་འཛུགས་གནང་རྒྱུར་མཐུན་རྐྱེན་དང་། བོད་ཡིག་ཐོག་རྩོམ་ཡིག་དང་ཡིག་གཟུགས་རིགས་འགྲན་བསྡུར་གོ་སྒྲིག་གནང་ཡོད། མའེ་སོར་དུ་ཁྲིམས་ཀྱི་སློབ་སྦྱོང་གནང་བཞིན་པའི་སྐབས་བོད་པའི་སློབ་ཕྲུག་རྣམས་མའེ་སོར་ཁུལ་གྱི་མཐོ་སློབ་ཁག་ཏུ་འཛུལ་ཞུགས་སླད་རོགས་སྐྱོར་ཚོགས་པ་དང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་སྐབས་དང་བླངས་ཞབས་ཞུ་གནང་ཡོད་པ་མ་ཟད། མའེ་སོར་མཐོ་སློབ་ཏུ་བོད་ཀྱི་ཉིན་མོ་ཞེས་པའི་འགྲེམས་སྟོན་གོ་སྒྲིག་གནང་སྐབས་མཐུན་འགྱུར་གནང་ཡོད། སྐབས་དེར་རྒྱ་ནག་དང་། རྒྱ་གར། རྒྱལ་སྤྱིའི་སློབ་ཕྲུག་སྟོང་ཕྲག་མང་པོ་མཉམ་ཞུགས་གནང་ཡོད།
ལྷ་རོང་ལགས་རྒྱལ་སྤྱིའི་སློབ་ཕྲུག་གླེང་སྟེགས་ཀྱི་དྲུང་ཆེ་གནང་བའི་རིང་འགྲེམས་སྟོན་གྱི་ལམ་ནས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ངོ་སྤྲོད་དང་། དེ་བཞིན་མའེ་སོར་ཁུལ་གྱི་ཕྱི་རྒྱལ་སློབ་ཕྲུག་ཚོགས་པ་ཁག་ནས་གྲོས་གླེང་ཚོགས་འདུ་རིགས་གོ་སྒྲིག་གནང་སྐབས་བོད་པའི་ངོ་ཚབ་གནང་སྟེ་བོད་དོན་སྐོར་གསུང་བཤད་གནང་ཡོད།
ལྷ་རོང་ལགས་ཀྱིས་མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་སློབ་གྲོགས་རྣམས་ལ་དཔེ་དེབ་བཀླགས་པ་བརྒྱུད་ཤེས་ཡོན་གོང་མཐོར་གཏོང་ཐབས་ལ་དམིགས་ཏེ་ཨ་མའི་ནོར་བུ་དཔེ་དེབ་ཚོགས་པ་ Amay Norbu Book Club ཞེས་པ་གསར་གཏོད་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་གོ་སྒྲིག་གནང་བའི་འགོ་ཁྲིད་ཀྱི་ཟབ་སྦྱོང་མང་དག་ཅིག་ལ་མཉམ་ཞུགས་གནང་ཡོད།
གཞན་ཡང་ལྷ་རོང་ལགས་ཀྱིས་སྤྱི་ཚོགས་ཞབས་ཞུ་སླད་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་མང་དག་ཅིག་སྤེལ་ཡོད་པ་མ་ཟད། མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་ཚོགས་པའི་ཚོགས་མི་ཡིན་པའི་ཆ་ནས་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་བོད་མི་མང་སྤྱི་འཐུས་འོས་མི་དང་འབྲེལ་བའི་བགྲོ་གླེང་གོ་སྒྲིག་གནང་། ཕྱི་ལོ་ ༢༠༡༦ ལོར་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཚོགས་མི་དང་ལྷན་མའེ་སོར་ས་གནས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་གཞོན་གནང་ཡོད་པ་བཅས། །
༢༽ བསྟན་འཛིན་ནོར་སྒྲོན་ལགས་ཨ་རིའི་མི་ནེ་སོ་ཊའི་ནང་སྐྱེས་ཤིང་། མཐོ་སློབ་ཏུ་འགྲིམ་བཞིན་པའི་སྐབས་མི་ནེ་སོ་ཊའི་ནང་བོད་ཀྱི་སྲོལ་རྒྱུན་གཞས་སྣ་དང་ཞབས་བྲོ་སོགས་ལ་སྦྱང་བརྩོན་གནང་ཞིང་། མཐོ་སློབ་ཏུ་འགྲིམ་བཞིན་པའི་སྐབས་མོ་རང་གིས་བོད་ཀྱི་རུ་ཁག་དང་ཨེ་ཤི་ཡའི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་མི་གནང་མྱོང་བ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་བོད་མིའི་དམའ་རིམ་དང་མཐོ་འབྲིང་སློབ་ཕྲུག་ཚོའི་ཆེད་དུ་ལམ་སྟོན་ཞེས་ཟུར་ཁྲིད་འཛིན་གྲྭ་ཞིག་བཙུགས་པ་དང་། ཕྱི་ལོ་ ༢༠༠༩ ལོར་མཐོ་སློབ་ཀྱི་དབྱར་ཁའི་གུང་གསེང་དང་བསྟུན་ནོར་སྒྲོན་ལགས་ཀྱིས་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭའི་འཛིན་རིམ་བདུན་པའི་སློབ་ཕྲུག་ཁག་གཅིག་ལ་ཨིན་ཡིག་སློབ་ཁྲིད་གནང་འདུག མཐོ་སློབ་ཐོན་རྗེས་ནོར་སྒྲོན་ལགས་ཀྱིས་བོད་མིའི་གཞོན་སྐྱེས་ཚོའི་ཆེད་དབུ་མའི་ལམ་ཞེས་པའི་ཚོགས་པ་ཞིག་བཙུགས་གནང་འདུག ཚོགས་པ་དེ་བརྒྱུད་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་རྒྱ་ཆེར་སྤེལ་འདུག ཕྱི་ལོ་ ༢༠༡༦ ལོར་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་ནོར་སྒྲོན་ལགས་བོད་མིའི་གཞོན་སྐྱེས་འགོ་ཁྲིད་ལས་གཞིའི་ནང་མཉམ་ཞུགས་གནང་ཡོད། ནོར་སྒྲོན་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མི་ནེ་སོ་ཊ་མཐོ་སློབ་ཏུ་འགྲིམ་བཞིན་པའི་རྒྱ་རིགས་སློབ་ཕྲུག་དབར་གྲོས་མོལ་གོ་སྒྲིག་ཞུས་གནང་འདུག ནོར་སྒྲོན་ལགས་ཀྱིས་ཁར་ལེ་ཊོན་མཐོ་སློབ་ Carleton College ནས་སྐྱེ་དངོས་ཚན་རིག་Biology ཐོག་ཉེ་བའི་རབ་འབྱམས་པའི་སློབ་སྦྱོང་གནང་ཞིང་། རྒྱ་ནག་ནང་ཟླ་བ་ལྔ་ཙམ་རིང་རྒྱ་ཡིག་སློབ་སྦྱོང་གནང་འདུག ད་ལྟའི་ཆར་བསྟན་འཛིན་ནོར་སྒྲོན་ལགས་ཀྱིས་སན་ཊི་ཁེ་ཏི་རིན་མཐོ་སློབ་St. Catherine University ཏུ་འགོ་ཁྲིད་རིག་པའི་ organizational leadership ཐོག་རབ་འབྱམས་པའི་སློབ་སྦྱོང་གནང་མུས་ཡིན།
༣༽ མགོན་པོ་བཀྲ་ཤིས་ལགས་ནི། བོད་ནང་སྐྱེས་ཤིང་རྒྱ་གར་ནང་འཚར་ལོངས་བྱུང་ཡོད། ཕྱི་ལོ་ ༢༠༡༢ ལོར་མ་སུ་རི་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཐོན་ཡོད་པ་མ་ཟད། དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ཀྱང་ཐོབ་ཡོད། ད་ལྟའི་ཆར་ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་པའི་ཝིག་ཊོ་རི་ཡ་ཁྲིམས་ཀྱི་སློབ་གྲྭར་ Victoria Law School ཁྲིམས་ལུགས་སློབ་སྦྱོང་གནང་བཞིན་ཡོད། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་རྐྱེན་གྱིས་ཕ་མ་གཉིས་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་དགོས་བྱུང་ཡོད། ཁོང་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་སྲིད་དོན་ཚན་རིག་ཐོག་སློབ་གཉེར་གནང་བཞིན་པའི་སྐབས་སྡེ་ཚན་དེའི་ཚོགས་གཞོན་དུ་འོས་འདེམས་བྱུང་ཡོད་པ་མ་ཟད། བོད་དོན་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་དང་། རྔམ་སྟོན་ཁྲོམ་སྐོར་སོགས་བོད་རང་དབང་ལས་འགུལ་ཁག་གི་ནང་དུའང་མཉམ་ཞུགས་གནང་ཡོད། ཕྱོགས་མཚུངས་རྒྱ་གར་ནང་ཡོད་པའི་སྤྱིར་བཏང་སློབ་ཕྲུག་ཡར་རྒྱས་ཚོགས་པའི་ཚོགས་མི་ཡང་ཡིན། ཚོགས་པ་དེ་ནི་བོད་མི་གཞོན་སྐྱེས་དང་ལྷན་ཕྱག་ལས་གནང་གི་ཡོད། ད་ལྟའི་ཆར་མགོན་པོ་བཀྲ་ཤིས་ལགས་ནི་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཝིག་ཊོ་རི་ཡ་ Victoria བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་དང་། On-Call Interpreters and Translators ཞེས་པའི་ནང་བོད་ཀྱི་སྐད་སྒྱུར་ཡང་གནང་བཞིན་ཡོད་པ་མ་ཟད། ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ནས་གོ་སྒྲིག་གནང་བའི་ཨོ་སི་ཊི་ལི་ཡས་བོད་དོན་ཆེད་གླེང་སློང་གནང་གི་མེད་པ་དང་། ཨི་སི་ཊི་ལི་ཡའི་ནང་འཕེལ་བཞིན་པའི་རྒྱ་ནག་གི་ཤུགས་རྐྱེན་ཞེས་པའི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད། གཞན་ཡང་མགོན་པོ་བཀྲ་ཤིས་ལགས་ནི་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ཕྱག་ལས་མང་དག་ཅིག་གནང་བཞིན་ཡོད་པ་མ་ཟད། ཝིག་ཊོ་རི་ཡ་ཁྲིམས་ཀྱི་སློབ་ཕྲུག་གི་ཚོགས་མི་ཡང་ཡིན།
༤༽ བསྟན་འཛིན་ནོར་འཛིན་ལགས་རྒྱ་གར་ནང་སྐྱེས་ཤིང་ཕྱིས་སུ་ཁེ་ན་ཌ་ནང་གནས་སྤོ་གནང་། བསྟན་འཛིན་ནོར་འཛིན་ལགས་ཀྱིས་ཁེ་ན་ཌའི་ཊོ་རོན་ཊོ་མཐོ་སློབ་University of Toronto ནང་ནད་ཡམས་དཔྱད་རིག་ Epidemiology ཐོག་རབ་འབྱམས་པའི་སློབ་སྦྱོང་གནང་མུས་ཡིན་པ་དང་། ད་ལྟའི་ཆར་མོ་རང་རབ་འབྱམས་པའི་ལོ་རིམ་དང་པོ་རེད། བསྟན་འཛིན་ནོར་འཛིན་ལགས་ཀྱིས་རེ་ཡར་སན་མཐོ་སློབ་Ryerson University ནས་སྐྱེ་དངོས་སྨན་དཔྱད་ཚན་རིག་Biomedical Sciences ཐོག་ཉེ་བའི་རབ་འབྱམས་པའི་ཆེད་སྦྱོང་གནང་འདུག བསྟན་འཛིན་ནོར་འཛིན་ལགས་རེ་ཡར་སན་མཐོ་སློབ་ཏུ་ལོ་རིམ་བཞི་པར་འགྲིམ་བཞིན་པའི་སྐབས། མོ་རང་གིས་མཐོ་སློབ་ཏུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་གནང་མྱོང་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་། བོད་དོན་ལས་འགུལ། བོད་མིའི་སློབ་ཕྲུག་ཚོར་སོ་སོའི་ངོ་བོ་དང་བཙན་བྱོལ་བའི་གནས་སྟངས། དེ་བཞིན་སློབ་ཕྲུག་ནང་ཁུལ་དབར་བོད་ཀྱི་རིག་གཞུང་སྐོར་གོ་རྟོགས་རྒྱ་ཆེར་སྦེལ་གནང་འདུག བསྟན་འཛིན་ནོར་འཛིན་ལགས་ཀྱིས་དང་བླངས་ཐོག་བོད་མིའི་ཆེད་ལས་དང་བླངས་ཞབས་ཞུ་ཁང་ Tibet Corps བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་གྲངས་ཐོ་དབྱེ་ཞིབ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་བཅས་སུ་ཞབས་ཞུ་གཟེངས་སུ་ཐོན་པ་བསྒྲུབས་གནང་ཡོད། བསྟན་འཛིན་ནོར་འཛིན་ལགས་ནས་ཁེ་ན་ཌའི་ཨོན་ཊ་རིའོ་གྲོས་ཚོགས་ཁང་ནང་ཉམས་མྱོང་གསོག་intern ཆེད་ཕྱག་ལས་གནང་མྱོང་བ་མ་ཟད། གྲོས་ཚོགས་ཁང་དུ་བོད་ཀྱི་ཉིན་མོ་ཞེས་པའི་སྲུང་བརྩི་གོ་སྒྲིག་ཞུས་པ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་དང་ལས་བྱེད་རྣམས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་རིག་གཞུང་སོགས་ཀྱི་སྐོར་གོ་རྟོགས་རྒྱ་ཆེར་སྤེལ་ཡོད། བསྟན་འཛིན་ནོར་འཛིན་ལགས་ལ་ཉམས་ཞིབ་དང་འགོ་ཁྲིད་སོགས་ཀྱི་གཟེངས་རྟགས་མང་དག་ཅིག་ཐོབ་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ལོའི་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་སློབ་ཡོན་ཐོབ་འདུག
༥༽ ལྷ་ནིང་སྐལ་བཟང་རྡོ་རྗེ་ལགས་ནི། སུད་སི་ནང་སྐྱེས་ཤིང་འཚར་ལོངས་བྱུང་། རྫུ་རིག་ཚན་རིག་མཐོ་སློབ་ཁང་ University of Applied Sciences of Zurich ནས་དངུལ་ཁང་ཁེ་ལས་དང་དཔལ་འབྱོར་རིག་པའི་ཐོག་རབ་འབྱམས་པའི་ཆེད་སྦྱོང་གནང་འདུག ལོ་ན་ ༡༦ ལ་སོན་སྐབས་ཡུ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་འཛུལ་ཞུགས་གནང་། ལོ་ ༡༨ ཐོག་སུད་སིའི་གཞི་རིམ་དམག་མིའི་སྦྱོང་བརྡར་ཐོབ། དེ་བཞིན་དམག་སྒར་ནང་ལོ་གསུམ་རིང་ཞབས་འདེགས་བསྒྲུབས་ཡོད་པ་མ་ཟད། དམག་དཔོན་གཞོན་པའི་གོ་གནས་ཐོབ་འདུག སུད་སིའི་ནང་ཡོད་པའི་ཧི་མ་ལ་ཡའི་རྩེད་རིགས་ཚོགས་པའི་ཚོགས་མི་ཡིན་པ་དང་། གཞུང་འབྲེལ་མ་ཡིན་པའི་ཨེ་ལི་ཇེ་ཊེ་དངུལ་ཁང་ LGT Bank དང་། དེ་བཞིན་ཇུ་ལི་སི་བྷར་དངུལ་ཁང་ Bank Julius Baer & Co. Ltd ནང་ལོ་བཞི་ཕྱག་ལས་གནང་། རྫུ་རིག་ཁན་ཊོ་ནལ་དངུལ་ཁང་ Zurich Cantonal Bank ནང་ལོ་བརྒྱད་རིང་ཕྱག་ལས་གནང་ཡོད། །