ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡ རེས་གཟའ་མིག་དམར།
༄༅། །རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་གསར་འཛུགས་བྱས་ནས་ལོ་ངོ་བདུན་ཅུ་འཁོར་ཞིང་། ཉིན་མོ་དེར་རྒྱ་ནག་གཞུང་གིས་སྟོབས་ཆེན་རྒྱལ་ཁབ་ཡིན་པའི་རྣམ་འགྱུར་ཞིག་འཛམ་གླིང་ཕྱི་ལ་སྟོན་བཞིན་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡ ཉིན་མོ་ནི་དེ་སྔ་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་། རྒྱ་ནག་གཞུང་གིས་རྒྱས་སྤྲོས་ཧ་ཅང་ཆེན་པོས་དུས་ཆེན་སྲུང་བརྩི་ཞུ་སྲོལ་ཡོད་ཀྱང་འདི་ལོའི་སྲུང་བརྩི་བྱེད་སྟངས་ལ་བལྟས་ན་ཆེད་མངགས་འཛམ་གླིང་རྒྱལ་ཁབ་གཞན་དང་། ལྷག་པར་རང་དང་ཕྲན་བུའི་ལྟ་སྤྱོད་མི་མཐུན་པའམ་འགལ་ཟླའི་ཕྱོགས་ལ་དྲག་པོའི་སྟོབས་ཤུགས་ཀྱི་དཔའ་རྩལ་ངོམས་ནས་རྒྱ་ནག་གི་ས་ཁྱོན་ཆིག་སྒྲིལ་གྱི་བདག་དབང་ཟེར་བའི་མིང་སྙན་པོ་དེའི་འོག་ཁྲིམས་འགལ་གྱིས་བཙན་བཟུང་བྱེད་བཞིན་པའི་ས་ཆ་དེ་དག་མུ་མཐུད་ཧམ་བཟུང་བྱ་རྒྱུ་ཡིན་པའི་བརྡ་ལན་བཏང་བ་དང་དུས་མཚུངས། སུ་ཞིག་གིས་ཁ་གཏད་བཅག་པའང་གདོང་ལེན་བྱས་ཚེ་ཐལ་བའི་རྡུལ་དུ་བརླག་པའི་སྡིགས་མོ་བྱས་པ་ཞིག་ཀྱང་ཅི་ལ་མིན། དེ་ལྟར་ཡིན་པ་དེའང་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་གོ་ལའི་དུས་བབ་ཟེར་བས་གནས་ཚུལ་དེ་ལྟར་སྤེལ་ཡོད།
པེ་ཅིང་གིས་རྒྱས་སྤྲོས་ཆེན་པོས་སྲུང་བརྩི་བྱེད་བཞིན་པའི་དུས་སྐབས་འདིར། ཧོང་ཀོང་ནང་མི་མང་གིས་གཞུང་ལ་ངོ་རྒོལ་བྱེད་བཞིན་པ་མ་ཟད། བོད་དང་ཡུ་གུར་ནང་དུའང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་བརྟེན་ལྷིང་འཇགས་རྩ་བ་ནས་མེད་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་ཀྱི་ཉིན་མོ་དེ་ནི་མྱ་ངན་གྱི་ཉིན་མོ་ཞིག་རེད། དེ་ཡང་བོད་ལ་མཚོན་ན་ཞིང་གཤེགས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས། “རྒྱ་ནག་གི་དབང་སྒྱུར་འོག་བོད་ལ་ཁེ་ལས་གྱོང་ཆེ་བ་བྱུང་ཡོད་” ཅེས་གསུངས་ཡོད།
བོད་སར་རྒྱ་ནག་གཞུང་གིས་ཁྲིམས་འགལ་བཙན་བཟུང་བྱས་རྐྱེན་བོད་རང་བཙན་ཤོར་བ་དང་། ཞི་བདེའི་དཔལ་ཡོན་ལ་ལོངས་སུ་སྤྱོད་བཞིན་པའི་བོད་གངས་ཅན་ལྗོངས་སུ་མི་གསོད་ཁྲག་སྦྱོར་དང་གཏོར་བཅོམ་སྣ་ཚོགས་བྱུང་བ་དང་། དེ་ཡང་ཕྱི་ལོ་ ༡༩༤༩ ནས་ཕྱི་ལོ་ ༡༩༧༩ བར་ལོ་ངོ་བཅུ་ཕྲག་གསུམ་རིང་རྒྱ་ནག་གི་དབང་སྒྱུར་འོག་བོད་མི་ས་ཡ་གཅིག་དང་འབུམ་གཉིས་འདས་གྲོངས་སུ་གྱུར་བ་དང་། བོད་ནང་དགོན་པ་དྲུག་སྟོང་ཙམ་གཏོར་བཤིག་བཏང་ཡོད། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་གོང་འཕེལ་གཏོང་བཞིན་ཡོད་ཚུལ་གྱི་མིང་སྣ་ཚོགས་འོག་ལས་གཞི་འདྲ་མིན་སྤེལ་བཞིན་པ་དེ་དག་དོན་དངོས་རྒྱ་མི་རིགས་ཕོན་ཆེ་བོད་ནང་སྤོ་བཞུད་བྱ་རྒྱུ་དང་། ལྷག་པར་གཙང་ཞིང་དྭངས་བའི་བོད་ཀྱི་རང་འབྱུང་ཁོར་ཡུག་ལ་བག་ཚ་སྤུ་ཙམ་མེད་པར་རང་སྣང་གང་དྲན་གྱིས་གཏོར་བཅོམ་བྱས་དང་བྱེད་མུས་རེད། རྒྱ་ནག་གཞུང་གིས་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་རྒྱུའི་སྲིད་བྱུས་འོག་བོད་ནང་རྒྱ་རིགས་མི་འབོར་ཧ་ཅང་ཕོན་ཆེ་གནས་སྤོ་བྱས་བཅུག་ནས་བོད་ཀྱི་ཐུན་མིན་སྐད་ཡིག་དང་མི་རིགས་ཀྱི་ཁྱད་ཆོས་རྩ་མེད་གཏོང་བཞིན་ཡོད།
བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་དང་། བཙན་དབང་འོག་གང་བྱུང་འཛིན་བཟུང་བྱས་པ། ཕ་མ་དང་གཉེན་ཉེ་སོགས་དང་འབྲེལ་བ་རྩ་བ་ནས་བྱེད་མ་བཅུག་པར་གཅིག་པུར་དོ་དམ་བཀག་ཉར་བྱས་པ། བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་སྡུག་སྦྱོར་མནར་གཅོད་ཚད་མེད་བཏང་བར་བརྟེན་བཙོན་པ་མང་པོ་དུས་མིན་རྐྱེན་འདས་སོང་བ་དེ་དག་ནི་རྒྱ་ནག་གཞུང་གིས་བོད་ས་དབང་སྒྱུར་བྱས་པའི་མཚོན་རྟགས་ཤིག་ཆགས་ཡོད།
ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༣ རང་ལུས་མེར་སྲེག་བཏང་ཡོད། རྒྱ་ནག་གཞུང་གིས་ད་བར་བོད་ལ་མི་རིགས་དབྱེ་འབྱེད་དང་། སྐད་ཡིག་དང་རིག་གཞུང་རྩ་མེད་བཏང་བ། བོད་མི་ཚོར་དཔལ་འབྱོར་ཟུར་འབུད་བྱས་པ་སོགས་ལ་བརྟེན་ནས་ཛ་དྲག་གི་གནས་སྟངས་དེ་བྱུང་ཡོད། དེ་ལྟར་ན་རྒྱལ་སྤྱིའི་རང་དབང་ཁང་པས་ལོ་བཞི་བསྟུད་མར་དཀྱིལ་ཤར་ཡུལ་གྲུ་སི་རི་ཡ་ནི་འཛམ་གླིང་ཁྱོན་ཡོངས་སུ་རང་དབང་ཆེས་ཞན་ཤོས་ཀྱི་ས་ཁུལ་དང་། བོད་དེ་ཨང་གཉིས་པ་ཡིན་པར་ངོས་འཛིན་གནང་བ་དེར་ཡ་མཚན་སྐྱེ་དགོས་པ་ཞིག་གང་ཡང་མེད། ཉེ་བའི་ཆར་བོད་ནང་ཆོས་དད་རང་དབང་ཐོག་སྔར་བས་དམ་བསྒྲགས་ཤུགས་ཆེ་རུ་འགྲོ་བཞིན་པ་ནི་བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་ནང་གྲྭ་བཙུན་གྱི་ལས་ཤག་གཏོར་བཤིག་ཚབས་ཆེ་བཏང་བ་མ་ཟད། གྲྭ་བཙུན་གྱིས་གཙོས་ནང་ཆོས་དོན་གཉེར་བ་མང་པོ་དགོན་པ་ནས་བཙན་དབང་ཐོག་གནས་དབྱུང་བཏང་དང་གཏོང་བཞིན་པ་དང་། ཕྱིར་འབུད་བྱས་རྗེས་གྲྭ་བཙུན་ཁོང་རྣམ་པར་རྒྱལ་ཞེན་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་བཞིན་ཡོད།
ཆོས་མེད་སྨྲ་བའི་རྒྱ་ནག་གུང་བྲན་སྲིད་གཞུང་གིས་བོད་མི་དགེ་འདུན་པ་ཚོའི་ཉིན་རེའི་ཆོས་ཕྱོགས་ཀྱི་བྱེད་སྒོར་སྟངས་འཛིན་བྱས་པ་ཙམ་མ་ཟད། ཆབ་སྲིད་ཀྱི་ངན་གཡོའི་རེ་སྟོང་ཁོ་ན་བསྒྲུབ་ཆེད་བོད་བརྒྱུད་ནང་བསྟན་གྱི་ཐུན་མིན་ཡང་སྲིད་རྩད་འཚོལ་གྱི་སྲོལ་རྒྱུན་ལམ་ལུགས་ཐད་ཐེ་བྱུས་དང་དབང་སྒྱུར་བྱེད་ཐབས་བྱེད་བཞིན་ཡོད། དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་དེང་དུས་འཕྲུལ་ཆས་ལ་བརྟེན་ནས་སོ་ཉུལ་བྱེད་སྟངས་དེ་ནི་བོད་ས་ཡོངས་རྫོགས་བཙོན་ར་ལྟ་བུར་གྱུར་ཡོད། རྒྱ་ནག་གཞུང་གིས་བོད་མིར་ད་བར་གདུག་རྩུབ་མནར་གཅོད་ཇི་ཙམ་བཏང་ཡང་བོད་མིའི་སྙིང་སྟོབས་ནམ་ཡང་མ་ཞུམ་པར་གནས་ཐུབ་ཡོད། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་མི་ལོ་ ༦༠ སོང་ཡོད།
མི་ལོ་ ༦༠ རིང་བོད་མིས་ཡ་ང་སྙིང་རྗེ་མེད་པའི་གུང་བྲན་རིང་ལུགས་ཀྱི་དབང་སྒྱུར་ལ་དཔའ་མཛངས་སྙིང་སྟོབས་ཆེན་པོས་གདོང་ལེན་བྱས་ནས་མི་ལོ་ ༦༠ འཁོར་བའི་ཉིན་མོ་ཞིག་ཀྱང་ཆགས་ཡོད། མེ་མགྱོགས་དང་མེ་མདས་དཔའ་མཛངས་ལྡན་པའི་བོད་མིའི་སྙིང་སྟོབས་ནམ་ཡང་གཞོམ་མི་ཐུབ། དྲག་པོའི་སྟོབས་ཤུགས་ཀྱིས་བོད་མིའི་སྙིང་སྟོབས་ཉམས་དམས་སུ་གཏོང་ཐབས་མེད། དེ་ཡང་རྒྱ་གར་གྱི་དབུ་ཁྲིད་གྲགས་ཅན་པ་སྐུ་ཞབས་ཛ་ཡཱ་པྲཱ་ཀཱཤ་ན་ར་ཡན་ Shri Jayaprakash Narayan མཆོག་གིས་གསུང་དོན།
“བོད་དེ་བཞིན་རྩ་མེད་འགྲོ་ཐབས་མེད། གང་ཡིན་བརྗོད་ན་འགྲོ་བ་མིའི་སྙིང་སྟོབས་ནི་དུས་ནམ་ཡང་གསོན་པོར་གནས་པ་ལས་འཆི་མི་སྲིད། གཞན་གྱི་བྲན་གཡོག་ཏུ་སྡོད་རྒྱུ་ནི་མིའི་ལྷན་སྐྱེས་ཤིག་མིན་སྟབས་དམར་པོའི་རིང་ལུགས་ལ་མདུན་ལམ་མེད། “ཅེས་གསུངས་ཡོད།
དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ།