༢༠༡༩ ཟླ་ ༡༠ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིག་ཆོས་ལུགས་ཀྱི་ཤིང་རྟའི་གསོལ་འབྱེད་གུ་རུ་ནཱ་ནག་མཆོག་སྐུ་འཁྲུངས་ནས་མི་ལོ་ ༥༥༠ འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་འདུག
སྐབས་དེར་མགོན་པོ་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་ཉམས་ལེན་དགོས་གལ་སྐོར་བཀའ་སློབ་སྩལ་འདུག དེ་ཡང་ཐོག་མར་ཅནྡི་གར་མཐོ་སློབ་ཀྱི་རིགས་བདག་དང་ཉེ་བའི་རིགས་བདག་གཉིས་ཀྱིས་མཐོ་སློབ་ཕེབས་སྒོའི་མཚམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས། བོད་པའི་སློབ་ཕྲུག་གཉིས་ཀྱིས་གྲོ་སོ་ཕྱེ་མར་དང་ཆང་ཕུད་འདེགས་འབུལ་ཞུས། ཐོག་མར་རིགས་བདག་ལས་ཁུངས་སུ་འཁྱུག་ཙམ་གདན་ཞུས་རྗེས་ཚོགས་ཁང་ནང་མི་གྲངས་ ༤༠༠༠ བརྒལ་བ་འདུ་འཛོམས་ཐོག་སྡིངས་ཆའི་སྟེང་༸ཞབས་སོར་བདེ་བར་འཁོད་བསྟུན། སྣང་གསལ་ཞལ་ཕྱེ་མཛད་རྗེས་ཉེ་བའི་རིགས་བདག་སྐུ་ཞབས་ Dr RS Bawa མཆོག་གིས་ཚོགས་བཅར་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྙིང་བསྡུས་ངོ་སྤྲོད་ཞུས་འདུག
དེ་རྗེས་མགོན་པོ་མཆོག་གིས་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཀྱི་རིན་ཐང་དེ་དག་ལག་བསྟར་དགོས་གལ་ཆེ་བ་དང་། ལྷག་པར་དེང་སྐབས་རང་རྒྱལ་གཞན་ཕམ་དང་རང་གཞན་ཆགས་སྡང་ཕྱོགས་རིས་ཆེ་བའི་དུས་སྐབས་འདིར་ང་ཚོ་ཚང་མས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་ཕན་ཚུན་བསམ་ཤེས་དང་བཟོད་བསྲན་བསྟེན་དགོས་པ་ཧ་ཅང་གལ་ཆེ་ཚུལ་བཀའ་སློབ་སྩལ་འདུག སྐབས་དེར་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་བ་དང་།
ཆོས་ལུགས་གཙོ་ཆེ་བ་ཚང་མས་མི་བཟང་པོ་ཞིག་བྱེད་དགོས་པའི་བསླབ་བྱ་སྐྱོན་བཞིན་ཡོད་སྟབས་ཆོས་ལུགས་ཚང་མའི་བསླབ་བྱ་གཅིག་མཚུངས་ཡིན་པ་དང་། ལྟ་གྲུབ་ཐོག་ནས་མི་འདྲ་བ་ཡོད་ཆོག་ཀྱང་ནང་དོན་མི་བཟང་པོ་ཞིག་དང་དྲང་པོ་དྲང་གཞག འདོད་ཆུང་ཆོག་ཤེས་བྱེད་དགོས་པའི་བསླབ་བྱ་སོགས་གཅིག་མཚུངས་ཡིན་སྐོར། དེང་དུས་ཤེས་ཡོན་ལམ་ལུགས་ནང་གཙོ་ཆེར་ཕྱི་དངོས་པོ་དཔལ་འབྱོར་འཛུགས་སྐྲུན་ཇི་ལྟར་གཏོང་དགོས་པའི་ལམ་སྟོན་འབའ་ཞིག་ལས་ནང་གི་བསམ་བློ་ཇེ་བཟང་དུ་གཏོང་རྒྱུའི་ཐད་ལམ་སྟོན་གང་ཡང་བྱེད་ཀྱི་མེད་པ་དེ་ཧ་ཅང་བློ་ཕམ་སྐྱེ་གཞི་ཡིན་སྐོར་བཀའ་སློབ་སྩལ་འདུག
དེང་སྐབས་དཔལ་འབྱོར་ཁོ་ན་གཙིགས་ཆེར་འཛིན་བཞིན་པའི་ཤེས་ཡོན་ལམ་ལུགས་དེ་ལ་བརྟེན་ནས་སྤྱི་ཚོགས་ནང་ཆགས་སྡང་སོགས་ཉོན་མོངས་པའི་བློ་ཤུགས་ཆེ་ཡོད་པ་དེར་གཉེན་པོ་བསྟེན་ཕྱོགས་ཐད་དཀའ་ངལ་འཕྲད་བཞིན་ཡོད་སྟབས། དཀའ་ངལ་དེ་དག་ལ་གདོང་ལེན་བྱ་རྒྱུ་དེ་རྒྱ་གར་གནའ་རབས་སེམས་ཁམས་རིག་པའི་རྣམ་གཞག་ཐོག་ནས་ཆགས་སྡང་སོགས་ཉོན་མོངས་པའི་བློ་སྐྱེ་སྐབས་སེམས་རྒྱུད་གདུལ་བར་ཕན་ཐོགས་ཧ་ཅང་ཡོད་པ་དང་།
རྒྱ་གར་གནའ་རབས་སྲོལ་རྒྱུན་རིག་གནས་ཁྲོད་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་དེང་སྐབས་སྤྱི་ཚོགས་ནང་དགོས་མཁོ་ཡོད་པ་ནི་འཚེ་བ་མེད་པ་དང་སྙིང་རྗེའི་བསམ་པ་གཞི་ལ་བཞག་ནས་འགྲོ་རྒྱུའི་སྲོལ་བཟང་ཞིག་ཡོད་པ་དེ་ལ་བརྟེན་ནས་རྒྱ་གར་ནང་ཆོས་ལུགས་འདྲ་མིན་ཡོད་ཀྱང་ཚང་མ་འཆམ་མཐུན་ངང་གནས་ཐུབ་པ་དང་། ལེགས་སྐྱེས་དེ་དག་འཛམ་གླིང་སྤྱི་ལ་ཁྱབ་པ་ཞིག་ཡོང་སླད་མགོན་པོ་མཆོག་གིས་ཐོག་མར་རྒྱ་གར་ནང་ལེགས་བཤད་དེ་དག་སླར་གསོ་ཡོང་ཐབས་མཛད་བཞིན་ཡོད་སྐོར་སོགས་བཀའ་སློབ་སྩལ།
གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིག་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་གུ་རུ་ནཱ་ནག་མཆོག་སྤྱིར་ཧིན་དུའི་ཁྱིམ་ཚང་ནང་འཁྲུངས་ཡོད་ཀྱང་ཁ་ཆེའི་གནས་མཆོག་མག་ཀ་ཞེས་པར་གནས་གཟིགས་སུ་ཕེབས་ཡོད་པ་དང་། དེའི་དགོས་དམིགས་གཙོ་བོ་ཆོས་ལུགས་ཕན་ཚུན་འཆམ་མཐུན་ཡོང་ཐབས་ཆེད་ཡིན་སྐོར། ལྷག་པར་སིག་སྤྱི་ཚོགས་ནང་སྤྲང་པོ་ཧ་ལམ་མཐོང་རྒྱུ་མེད་པ་དེ་ཕན་ཚུན་མཉམ་རུབ་ཐོག་ནས་གཅིག་ཕན་གཅིག་གྲོགས་ལ་བརྟེན་ནས་ཧྲ་ཏག་ཏག་ཆགས་ཐུབ་པར་བསྔགས་བརྗོད་མཛད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གུ་རུ་ནཱ་ནག་མཆོག་དང་སྟོན་པ་བཅོམ་ལྡན་འདས་ཀྱིས་རིགས་རུས་དབྱེ་འབྱེད་ལ་མཐའ་གཅིག་ཏུ་དགག་པ་མཛད་པ་ལྟར་གང་ཉིད་ནས་ཀྱང་རིགས་རུས་མཆོག་དམན་བརྩི་རྒྱུའི་ལམ་སྲོལ་ལ་དགག་པ་མཛད་བཞིན་ཡོད་པ་དང་། རྒྱ་གར་ནང་རིགས་རུས་མཆོག་དམན་བརྩི་རྒྱུའི་ལམ་སྲོལ་དེ་རྗེས་ལུས་ཀྱི་བསམ་བློ་ཡིན་སྐོར་དང་། ད་ཆ་མང་གཙོའི་རིང་ལུགས་ཡིན་སྟབས་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་སྐོར་བཀའ་སློབ་སྩལ་འདུག དེ་རྗེས་མང་ཚོགས་ཀྱི་དྲི་བ་རྣམས་ལ་བཀའ་ལན་སྩལ་འདུག
བཀའ་སློབ་དང་དྲི་བ་དྲིས་ལན་གྱི་ལས་རིམ་རྣམས་ཡོངས་སུ་ལེགས་གྲུབ་རྗེས་མཐོ་སློབ་དེའི་གོ་ལའི་དབུ་ཁྲིད་ཀྱི་གཟེངས་རྟགས་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་འདུག མཐར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤིང་སྣ་འདེབས་འཛུགས་མཛད་རྗེས་ཉིན་གུང་ལྗགས་སྨིན་དགྱེས་བཞེས་མཛད་པ་བཅས།